གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་10ཉིན། 08:48】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་། མཚོ་བྱང་ཁུལ་འཇུ་ལག་རྫོང་ལྷིང་འཇགས་བག་ཕེབས་ཀྱིས་གནས་ཤིང་། སྐབས་དེར། མི་རྣམས་ཀྱིས་མཛེས་སྡུག་སྟོན་གྱི་ཡུལ་ལྗོངས་ཉམས་སུ་ལེན་པའམ་གཉེན་ཉེ་གྲོགས་པོར་འཚམས་འདྲིར་བསྐྱོད་པའི་དུས་ཆེན་གྱི་རྣམ་པས་ཁེངས་ཡོད། ཟླ10པའི་ཚེས5ཉིན་གྱི་ཆུ་ཚོད12ཙམ་ལ་རྫོང་དེའི་སྤྱི་བདེ་ཅུས་ལ་ཁ་པར་གྱི་དྲིལ་སྒྲ་ཞིག་གྲགས་ཤིང་། ཁ་པར་ལས་འུ་ཐུག་ཐབས་ཟད་ཀྱིས་རོགས་སྐྱོབ་ཞུ་བའི་སྐད་བརྒྱབ་སྟེ་བཤད་རྒྱུར། ཟླ10པའི་ཚེས2ཉིན་ནས་བཟུང་རྐང་བགྲོད་ལ་དགའ་མཁན་མང་པོ་ཞིག་གིས་སྙན་སེང་མ་ཞུས་པར་ཀན་སུའུ་ཞིང་ཆེན་སུའུ་ནན་རྫོང་ནས་མདོ་ལ་རི་བོའི་ཀླུ་ལུང་ས་ཁོངས་བརྒལ་ཏེ་འཇུ་ལག་བར་རྐང་བགྲོད་བྱེད་སྐབས་ཁ་བ་བབས་པས་སྟག་ལུང་ས་ཁུལ་དུ་ལུས་ཤིང་། དེའི་ནང་གི་མི་གཅིག་ཉེན་ཁ་ཆེ་བའི་གནས་སུ་འཕྲད་ཡོད་པས་རོགས་སྐྱོབ་བྱེད་པའི་ཉེན་བརྡ་འབྱོར།
ཉེན་ཁ་ནི་བཀའ་རྒྱ་ཡིན་ལ། དུས་ཚོད་ནི་ཚེ་སྲོག་ཡིན། ཉེན་བརྡ་འབྱོར་རྗེས་ཞིང་ཆེན་དང་ཁུལ། རྫོང་རིམ་པ་གསུམ་གྱིས་མ་གྲོས་གཅིག་མཐུན་གྱིས་འགུལ་སྐྱོད་བྱས་ཏེ་སྤྱི་བདེ་དང་མཁོ་བསྟུན། མེ་ཟོན། འགྲིམ་འགྲུལ། འཕྲོད་བསྟེན་སོགས་སྡེ་ཁག་གིས་མཉམ་འབྲེལ་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་མྱུར་དུ་འཚོལ་སྐྱོབ་བྱེད་པའི་ལམ་ལ་ཆས་ཤིང་། དེ་དང་ཆབས་ཅིག་སུའུ་ནན་ཉེན་རྟོག་ཕྱོགས་ལ་ཡང་གནས་ཚུལ་ཁྱབ་བརྡ་བཏང་སྟེ་ས་ཁོངས་མཉམ་ལས་མཉམ་སྒྲུབ་ལ་ཤུགས་བསྣན་ནས་དཀའ་འཕྲད་མི་སྣ་མྱུར་སྐྱོབ་ལ་ཕྱོགས་ཡོངས་ནས་འགན་སྲུང་མཁོ་འདོན་བྱས།
རིམ་གསུམ་སྟོབས་ཤུགས་གཅིག་བསྡུས་དང་ཞིང་ཆེན་གཉིས་ཀྱི་མཐུན་སྦྱོར་གྱིས་ཚེ་སྲོག་མྱུར་སྐྱོབ་དང་ལེན་བྱས།
ཛ་དྲག་གི་རོགས་སྐྱོབ་བྱེད་པར་སྐར་ཆ་རེ་རེ་བརྩོན་ལེན་བྱེད་དགོས་པར་མ་ཟད། ཚན་རིག་དང་མཐུན་པའི་བཀོད་འདོམས་ནི་དེ་བས་ཀྱང་མཁོ།
རྐང་བགྲོད་མི་སྣ་དཀའ་གནས་ལ་འཕྲད་པའི་ཛ་དྲག་གི་སྙན་ཞུ་འབྱོར་རྗེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས“ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱ་བ་ཡག་པོར་སྒྲུབ་སྟེ་ཚན་རིག་དང་མཐུན་པའི་སྒོ་ནས་འཚོལ་སྐྱོབ་སྒྲིག་འཛུགས་བྱེད་དགོས་པ་དང་། འཚོལ་སྐྱོབ་མི་སྣས་རང་ངོས་ཀྱི་བདེ་འཇགས་འགན་ལེན་བྱས་ནས་ཀན་སུའུ་ཕྱོགས་དང་འབྲེལ་གཏུག་མཉམ་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ”ཞེས་པའི་བཀའ་བཀོད་ཟབ་མོའི་མཛུབ་སྟོན་གནང་བ་དང་། དེ་ནས་ཧྲུའུ་ཅི་ཝུའུ་ཞའོ་ཅུན་དང་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་སྔ་རྗེས་སུ་ཁ་པར་ཐེངས་ལྔར་བཏང་ནས་དུས་ཐོག་ཏུ་གནས་ཚུལ་ཤེས་རྟོགས་དང་མདུན་ཕྱོགས་ཀྱི་བྱ་བ་བཀོད་འདོམས་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧི་ལུའུ་ཁྲུན་དང་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཁྲིན་ཅི་ཝེ་ཡིས་སྔ་རྗེས་སུ་བླང་བྱ་ཞིབ་ཕྲ་བཏོན་ཏེ། དཀའ་ཚེགས་གང་ལའང་མི་འཛེམ་པར་ཚེ་སྲོག་མྱུར་སྐྱོབ་བྱེད་དགོས་པ་དང་། སྟོབས་ཤུགས་གཅིག་བསྡུས་དང་གནད་འཁེལ་མྱུར་སྐྱོབ་ཀྱིས་ཞོར་ཐོན་གནོད་འཚེ་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་ནན་གྱིས་བསྟན།
བཀའ་རྒྱ་རི་ལྟར་ལྗིད། བཀའ་བཞིན་འགུལ་སྐྱོད་བྱེད། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་སྣེ་ཁྲིད་ནས་འཇུ་ལག་རྫོང་དུ་བསྐྱོད་དེ་ཁུལ་དང་རྫོང་གི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱས་ནས་འཚོལ་སྐྱོབ་ཀྱི་དཀའ་ངལ་ཐག་གཅོད་ཡག་པོ་བྱས་ཤིང་། འཇུ་ལག་རྫོང་གིས་གློ་བུར་དོན་རྐྱེན་གྱི་རིམ་པ་བཞི་པའི་མཁོ་བསྟུན་དང་ལེན་མགྱོགས་མྱུར་ངང་སྤེལ་མགོ་བརྩམས་ནས་གུང་གསེང་རིང་ངལ་གསོ་བྱས་ཡོད་པའི་མི་རྣམས་ཕྱིར་བསྡུས་ཤིང་། དོན་རྐྱེན་བྱུང་ཡུལ་དང་ཐག་ཉེ་བའི་སྟག་ལུང་དོ་དམ་སྲུང་སྐྱོབ་ས་ཚིགས་སུ་གནས་སྐབས་བཀོད་འདོམས་པུའུ་བཙུགས་ནས་རོགས་སྐྱོབ་འགུལ་སྐྱོད་དེ“རྨས་མ་མྱུར་སྐྱོབ་དང་མི་སྣ་གནས་སྤོ། ཞིང་ཆེན་ལས་བརྒལ་བའི་མཉམ་འགུལ”གྱི་ཞིབ་ཕྲའི་ལས་འགན་ཆེན་པོ་གསུམ་དུ་བཀོད་སྒྲིག་བྱས་ཤིང་། “དུས་ལྟར་གྲོས་མོལ་དང་དུས་ཐོག་བཀོད་གཏོང”བྱེད་པའི་ལམ་སྲོལ་ལག་བསྟར་དང་། ལས་འགན་ཁག་བགོས་གསལ་བོ་བྱས་ཏེ་གནད་འཁེལ་འཚོལ་སྐྱོབ་བྱེད་ཐབས་གཏན་འབེབས་བྱས།
འདི་ནི་ཕན་ནུས་ཆེ་བའི་རོགས་སྐྱོབ་དྲ་རྒྱ་ཞིག་ཡིན། ཞིང་ཆེན་མཁོ་བསྟུན་དོ་དམ་ཐིན་དང་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་བཀོད་འདོམས་བྱས་ནས་མཁོ་བསྟུན་རོགས་སྐྱོབ་དཔུང་ཁག་དང་མི་མེད་གནམ་གྲུའི་སྒྲིག་ཆས། འཁོར་སྐར་འཕྲིན་གཏོང་སྒྲིག་ཆས་བཅས་ཀྱི་མྱུར་མཁོའི་རོགས་སྐྱོར་གྱི་རམ་འདེགས་བྱས་ཤིང་། ཞིང་ཆེན་སྤྱི་བདེ་ཐིན་གྱིས་མཚོ་བྱང་ཁུལ་དང་འཇུ་ལག་རྫོང་སྤྱི་བདེ་ཅུས་ཀྱི་འགན་འཁུར་བློ་མཐུན་གྱིས་མདུན་སར་བཀོད་འདོམས་བྱེད་དགོས་པའི་བླང་བྱ་བཏོན་པར་མ་ཟད་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་གྱིས་རོགས་སྐྱོར་ལ་གྲ་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན། ཟི་ལིང་གྲོང་ཁྱེར་གྱིས་ཆེད་ལས་དཔུང་ཁག་གི་མི21མངགས་ཏེ་མི་མེད་གནམ་གྲུ་སོགས་སྒྲིག་ཆས་ཁྱེར་ནས་ཉིན་མཚན་མེད་པར་འཚོལ་སྐྱོབ་ཀྱི་ལས་ལ་ཞུགས། མཚོ་ཤར་གྲོང་ཁྱེར་སོགས་སྤུན་ཟླའི་གྲོང་ཁྱེར་དང་རྫོང་གིས་གྲ་སྒྲིག་ཚགས་སུ་ཆུད་དེ་དུས་དང་རྣམ་པ་ཀུན་ཏུ་ཡུལ་དངོས་ལ་བསྐྱོད་པའི་བཀའ་ལ་སྒུག་ཡོད།
འདི་ནི་ཞིང་ཆེན་གཉིས་ཀྱི་མཐུན་སྒྲིལ་མཉམ་ལས་བྱས་པའི་སྣང་བརྙན་གསོན་པོ་ཞིག་རེད། ཉེན་བརྡ་འབྱོར་རྗེས་དུས་ཡུན་ཐུང་ཐུང་ཆུ་ཚོད1གི་ནང་འཇུ་ལག་རྫོང་གིས་རྐང་བགྲོད་མི་སྣ་ཉེན་ཁར་འཕྲད་པའི་ཆ་འཕྲིན་རི་བོ་གཅིག་གི་བར་ཐག་ཆོད་པའི་ཀན་སུའུ་ཞིང་ཆེན་འབྲོང་ཡུལ་གྲོང་ཁྱེར་སུའུ་ནན་རྫོང་སྲིད་གཞུང་ལ་ཁྱབ་བརྡ་བཏང་ཞིང་། ཟླ10པའི་ཚེས6ཉིན་གྱི་སྔ་དྲོར། མཚོ་བྱང་ཁུལ་དང་འབྲོང་ཡུལ་གྲོང་ཁྱེར་གཉིས་ཀྱིས“ཕྱོགས་གཉིས་འཚོལ་སྐྱོབ”ལམ་སྲོལ་བཙུགས་ནས་ཉིན་ལྟར་འཚོལ་སྐྱོབ་གནས་ཚུལ་དང་དཀའ་འཕྲད་མི་སྣའི་གནས་ཡུལ་སོགས་ངེས་མཁོ་ཆ་འཕྲིན་མཁོ་སྤྲོད་བྱས་ལ། འབྲོང་ཡུལ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལུའུ་ཞའོ་ཧེང་གིས་མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ལ་ཁ་པར་ཐེངས་མང་བཏང་ནས་འཚོལ་སྐྱོབ་བྱ་བར་གྲོས་འདོན་བཀོད་སྒྲིག་བྱས། འཇུ་ལག་དང་སུའུ་ནན་རྫོང་གཉིས་ཀྱི་འགན་འཁུར་བློ་མཐུན་གྱིས་ཡུལ་དངོས་ནས་བཀོད་འདོམས་བྱས་ཏེ་མཚོ་སྔོན་དང་ཀན་སུའུ་འབྲེལ་མཚམས་ཀྱི་པའེ་དཔའ་ཀྲང་དང་སྟག་ལུང་སོགས་འགག་རྩའི་ས་ཁོངས་སུ་ཕྱིར་སློག་ས་ཚིགས5བཙུགས་པ་དང་གནས་སྐབས་ཞིབ་བཤེར་ས་ཚིགས2བཞག་པར་མ་ཟད། ལྷོ་བྱང་ཕྱོགས་གཉིས་ནས་ཀླུ་ལུང་རིའི་མངའ་ཁོངས་ལ་འཚོལ་བཤེར་བྱས།
“ཞིང་ཆེན་རིམ་པའི་གཅིག་གྱུར་བཀོད་འདོམས་ནས་ཁུལ་དང་རྫོང་གིས་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱེད་པ། དེ་ནས་ཞིང་ཆེན་གཉིས་ཀྱིས་མཉམ་ལས་མཉམ་སྒྲུབ་བྱེད་པར་ང་ཚོས་ཆེས་མགྱོགས་པའི་མྱུར་ཚད་ལ་བརྟེན་ནས‘གོང་འོག་འབྲེལ་མཐུད་དང་གཡས་གཡོན་མཉམ་ལས’བྱེད་པའི་ལངས་གཟུགས་མཁོ་བསྟུན་རོགས་སྐྱོབ་མ་ལག་བཙུགས་པ་དང་། འདི་ནི་རོགས་སྐྱོབ་བྱ་བར་སྐུལ་འདེད་གཏོང་བའི་འགག་རྩ་ཡིན”ཞེས་གནས་སྐབས་བཀོད་འདོམས་པུའི་ལས་སྒྲུབ་མི་སྣ་ཞིག་གིས་དེ་ལྟར་བཤད་བྱུང་།
ལུས་ཀྱི་དཀའ་སྡུག་སྲོག་གི་ཉེན་ཁར་མི་འཛེམ་པར་གདོང་མཆོངས་དཔའ་བོའི་རང་གཤིས་བསྟན།
མདོ་ལ་རི་བོའི་སྟག་ལུང་ས་ཁུལ་ནི་རི་གཟར་ལུང་ཀྱོག་ཆེ་ལ། མཐོ་སྒང་གྲང་འཁྱགས་ཀྱིས་བསྡམས་ཤིང་། དབྱང་རླུང་དཀོན་པ་དང་ས་བབ་རྙོག་འཛིང་ཆེ་བས་ཉིན་གཅིག་ལ་དུས་ཚིགས་བཞིའི་གནམ་གཤིས་མངོན་སུམ་དུ་འབྱུང་སྲིད་པར་མ་ཟད། ས་ཁོངས་མང་ཆེ་བར་ཁ་པར་གྱི་བརྡ་རྟགས་མེད་པའི་ཁར་ཉིན་མཚན་བསྟུད་མར་ཆར་བབས་པ་དང་གནམ་རུབ་པ། རླུང་རྒོད་པས་ཐད་འཕུར་གནམ་གྲུ་དང་མི་མེད་གནམ་གྲུ་ཆེ་གྲས་འཕུར་བའི་ཆ་རྐྱེན་མི་འཛོམས་པས། འཚོལ་སྐྱོབ་ཀྱི་དཀའ་ངལ་ཇེ་ཆེར་སོང་། འདི་འདྲའི་དཀའ་ཁག་མང་པོ་ཞིག་གི་མདུན་དུ་རོགས་སྐྱོབ་རུ་ཁག་གིས་དཀའ་ངལ་དང་ཉེན་ཁ་ཧ་ཅང་ཆེ་བའི་ཆེས་མཛེས་སྡུག་གི་ལྡོག་སྐྱོད་ཀྱི་ལམ་ཁ་དེ་བདམས་ནས་འཚོལ་སྐྱོབ་བྱས།
འཚོལ་སྐྱོབ་བརྒྱུད་རིམ་ཁྲོད"མི་གཅིག་ཀྱང་མི་ལུས་པ"འགན་ལེན་བྱ་ཆེད། བཀོད་འདོམས་པུས་ལངས་གཟུགས་འཚོལ་སྐྱོབ་དང་གནད་སྨིན་འཚོལ་སྐྱོབ་ལ་དམིགས་ནས"བར་སྣང་གི་གནས་གཏན་འཁེལ་དང་ས་ངོས་ནས་རྗེས་སྙེག་བྱེད་པའི"གི་རྣམ་པ་བཏོད་དེ་རིམ་རྩིས་བྱས་ན་རིགས་སོ་སོའི་འཚོལ་སྐྱོབ་སྟོབས་ཤུགས་མི་ཐེངས750ལྷག་ཙམ་བཏང་ནས་ལམ་མང་བོ་བགོས་ནས་འཚོལ་སྐྱོབ་བྱས། ལམ་ཧྲིལ་བོ་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་མེ་ཟོན་བཀོད་འཐབ་པ། མཁོ་བསྟུན་རུ་མི་བཅས་མི220ཡིས་གཙོ་ཤུགས་འཚོལ་སྐྱོབ་འཕྲལ་སྒྲུབ་རུ་ཁག་བཙུགས་ཏེ། སྟག་ལུང་ལམ་ཐིག་གཙོ་བོ་བརྒྱུད་དེ་སུའུ་ནན་རྫོང་གི་ཕྱོགས་སུ"དྲ་འཐེན་རྣམ་པའི"གྲལ་བཤེར་འཚོལ་སྐྱོབ་བྱས། ལམ་ཧྲིལ་བོ་མཚོ་བྱང་ཁུལ་གྱི་དམིགས་བསལ་ཉེན་རྟོག་པ50ཡིས་འཕྲལ་སྒྲུབ་རུ་ཁག་བཙུགས་ཏེ་སྲུང་སྐར་ཁ་པར་དང་མི་སྒེར་གྱི་འགན་སྲུང་དངོས་ཟོག་ཆ་ཚང55འཁྱེར་ནས་ཀན་སུའུ་ཝུའུ་ཝེ་ཕྱོགས་ནས་སྟག་ལུང་པང་བ་རུ་འཚོལ་སྐྱོབ་བྱས། ལམ་ཧྲིལ་བོ་ས་རྒྱུས་ཡོད་པའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ་དང་ས་གནས་མང་ཚོགས50ལྷག་ཙམ་ལས་གྲུབ་པའི་ཕྱོགས་སྟོན་ཡན་ལག་རུ་ཆུང་གིས་མེ་ལྷ་གངས་དཀར་ནས་ཀླུ་ལུང་རིའི་ཤར་རྒྱུད་མངའ་ཁོངས་སུ་འཚོལ་སྐྱོབ་བྱས། མཚོ་སྔོན་གྱི་ལིང་གྱོ་རྒྱ30གྲུབ་པའི་སྐྱ་མི་རུ་ཁག3བཙུགས་ཏེ། དངོས་ཟོག་འཁེལ་འདྲེན་དང་མི་སྣ་བརྒྱུད་འདྲེན་གྱི་ལས་འགན་ཁུར་ནས་འཚོལ་སྐྱོབ་ཀྱི་ལས་ཕྱོད་ཆེ་རུ་བཏང་། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ་སྒྲིག་འཛུགས་བྱས་ཏེ་རྐང་བགྲོད་བྱེད་སྒོ་སྤེལ་སྲིད་པའི་ས་ཁུལ་གཞན་དག་ཏུ་གྲལ་བཤེར་བྱས་ནས་འཚོལ་སྐྱོབ་ས་ཁོངས་ཡོངས་སུ་ཁྱབ་པར་བྱས།
ཟླ10པའི་ཚེས5ཉིན་གྱི་དགོང་མོར། མཚན་མོའི་ཁོར་ཡུག་ཐབས་སྡུག་ཡིན་པས་དཀའ་འཕྲད་མི4གནས་སྤོ་བྱེད་ཐབས་བྲལ་བས་འཚོལ་སྐྱོབ་མི་སྣ་དང་མཉམ་དུ་ལུག་རའི་ནང་བསྡད་དེ་ལུས་དྲོད་སྲུང་འཛིན་བྱས་པར་མ་ཟད། འཁྱེར་ཡོང་བའི་གྲང་འགོག་གྱོན་ཆས་དཀའ་འཕྲད་མི་སྣར་སྤྲད་ནས་དཀའ་ངལ་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་བསྩལ།
ལག་རྩལ་གྱི་རྒྱབ་སྐྱོར་ནི་ཐེངས་འདིའི་ཚེ་སྲོག་རོགས་སྐྱོབ་ཀྱི"འགག་གཏོར་མཚོན་ཆ"ཡིན། ཞིང་ཆེན་གནམ་གཤིས་ཅུས་ཀྱིས་འཇུ་ལག་རྫོང་ལ་དུས་ཐོག་ཏུ་གནད་འཁེལ་གནམ་གཤིས་སྔོན་བརྡ་གཏོང་རྒྱུར་མཛུབ་ཁྲིད་བྱས་པ་དང་། ཟི་ལིང་གྲོང་ཁྱེར་གྱིས་མི་མེད་གནམ་གྲུ11རྩ་འཛུགས་བྱས་ནས་འཕུར་སྐྱོད་ཐེངས21བྱས་པ། འབྲོང་ཡུལ་གྲོང་ཁྱེར་གྱིས་མཚན་མོའི་མི་མེད་གནམ་གྲུ6མངགས་ནས་ས་ངོས་འཚོལ་སྐྱོབ་ལ་གནད་སྨིན་མཛུབ་ཁྲིད་བྱས། སྤོ་འགུལ་དང་འབྲེལ་འཕྲིན་སོགས་འཕྲིན་གཏོང་སྡེ་ཁག་གིས་གནས་སྐབས་བརྡ་རྟགས་འགན་ལེན་སྒྲིག་ཆས2བསྐྲུན་པ་དང་སྤོ་འགུལ་འཕྲིན་གཏོང་འགན་ལེན་རླངས་འཁོར1བཀོད་སྒྲིག་བྱས་ནས་འཚོལ་སྐྱོབ་འཕྲལ་སྒྲུབ་རུ་ཁག་སོ་སོར་སྲུང་སྐར་ཁ་པར9དང་ལབ་པར63སྤྲད་དེ་ཁ་པར་དང་བརྡ་རྟགས་བརྒྱུད་གཏོང་དུས་ཐོག་ཏུ་འཕྲོད་པར་འགན་ལེན་བྱས།
བགྲོད་ལམ་ཤར་གཏོང་བྱེད་པ་ནི་རོགས་སྐྱོབ་ལས་དོན་གྱི"སྲོག་རྩ"ཡིན། རོགས་སྐྱོབ་རུ་མི་ཚོས"གཏན་ནས་མི་གཏོང་བའི"ཆོད་སེམས་བཅངས་ནས་ལྕགས་ཁེམ་དང་ངར་ལྕགས་ཀྱིས་ཉེན་ཁ་ཆེ་བའི་ལམ་དུམ་དུ་ལམ་བཏོད་པ་དང་། ཐག་པས་གཙང་པོ་བརྒལ་བའི་བགྲོད་ལམ་རེ་རེ་བསྐྲུན་ཞིང་གྲང་ངར་ཆེ་བའི་ཆུ་བོའི་ནང་མཆོངས་ཏེ་མི་བསྐྱབས་པ་རེད། ཁུལ་དང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ས་རྐོ་འཕྲུལ་ཆས་ཆེ་གྲས་དང་ལྡུག་འཁོར་བཟོ་སྐྲུན་རླངས་འཁོར་ཐེངས5བཏང་ནས་སྤྱི་ལེ10ཙམ་གྱི་གངས་འཁྱགས་ལམ་དུམ་གཙང་བཤེར་བྱས་པ་དང་གངས་གསོག་སྨི་རྒྱ་དཔངས་གྲུ་བཞི་མ5000ལྷག་ཙམ་མེད་པར་བཟོས། གཞུང་ལམ་སྨི་གྲུ་བཞི་མ500ལྷག་ཙམ་ཁོད་སྙོམས་སུ་བཏང་ནས་བགྲོད་ལམ་ཤར་གཏོང་ཐུབ་རྗེས་རོགས་སྐྱོབ་མི་སྣ་དང་དངོས་ཟོག་བདེ་བླག་ངང་མདུན་ཕྱོགས་སུ་འབྱོར་རྒྱུའི་འགན་ལེན་བྱས། འཇུ་ལག་ཆུ་མཛོད་དང་མཐུན་སྦྱོར་བྱས་ཏེ་ཛ་དྲག་ངང་ཆུ་སྒོ་ཕྱེ་ནས་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི51.47བཤངས་པ་དང་ཆུ་ཚད་སྨི4.1ཇེ་དམའ་རུ་བཏང་བར་མ་ཟད། ལྕགས་ར་གཏུབ་གཅོད་བྱས་ནས་རོགས་སྐྱོབ་བགྲོད་ལམ་ཤར་གཏོང་ཐུབ་པར་བྱས།
དངོས་ཟོག་འགན་ལེན་ནི་རོགས་སྐྱོབ་ཀྱི"གཏིང་རྡོ"ལྟ་བུ་ཡིན། འཇུ་ལག་རྫོང་གིས་སྨན་བཅོས་རྐང་འཛིན་པ34སྐོང་འཐེན་བྱས་ནས་སྨན་བཅོས་འགན་ལེན་དཔུང་ཁག་བཙུགས་ཏེ། འཇུ་ལག་ཆུ་མཛོད་ཀྱི་རགས་ཁ་དང་ཧའོ་ཡུན་མགྲོན་ཁང་དུ་ཞབས་ཞུའི་ས་ཚིགས་བཙུགས་ནས་དཀའ་ངལ་ལ་འཕྲད་པའི་རྐང་བགྲོད་མི་སྣར་འཁྱེར་བདེ་བའི་དབྱང་རླུང་དེམ་བུ246དང་མྱུར་སྐྱོབ་སྨན་རྫས་སྣ་ཁ20ལྷག་ཙམ་བྱིན་པ་དང་། སྨན་བཅོས་ཞབས་ཞུ་ཐེངས100ལྷག་ཙམ་མཁོ་འདོན་བྱས། རྫོང་ལས་ཁུངས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱིས་མི་སྣ་གཅིག་བསྡུས་ཀྱི་གནས་སྤོ་ས་ཁོངས་སུ་ཟ་མ་ཟ་ས་བཙུགས་ནས་བཟའ་བཏུང་ཚ་མོ་མཁོ་འདོན་བྱས། མེ་ཟོན་སྡེ་ཁག་གིས་སྒུལ་བདེའི་གློག་སྒྲོན17བཙུགས་པ་དང་མཁོ་བསྟུན་མཛུབ་སྟོན་བྱང་བུ་བཞག་ནས་འཚོལ་སྐྱོབ་རུ་ཁག་དང་དཀའ་ངལ་ལ་འཕྲད་པའི་མི་སྣར་སྲིང་བལ་གྱི་ལྭ་བ་དང་ལག་སྒྲོན། དྲོད་ལེན་ཐབ་ཀ འཐུང་ཆུ། ཉལ་ཐུལ་སོགས་རོགས་སྐྱོབ་འགན་སྲུང་དངོས་རྫས་ཆ་ཚང1098སྐྱེལ་འདྲེན་བྱས།
ཟླ10པའི་ཚེས7ཉིན་གྱི་སྔ་དྲོར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས"ངེས་པར་དུ་དཀའ་ངལ་ལ་འཕྲད་པའི་མི་སྣ་བདེ་འཇགས་ངང་ཕྱིར་ཁྲིད་ཡོང་དགོས"ཞེས་པའི་བླང་བྱ་ལྟར། ཁུལ་དང་རྫོང་གིས་སྤྱི་བདེ་དང་མེ་ཟོན། དོ་དམ་སྲུང་སྐྱོབ་པ་བཅས་ལས་གྲུབ་པའི་འཕྲལ་སྒྲུབ་རུ་ཁག་གསུམ་བཙུགས་ནས་མཐའ་མའི་འགག་སྒྲོལ་འཚོལ་སྐྱོབ་བྱས། ཉིན་དེའི་ཆུ་ཚོད12དང་སྐར་མ20སྟེང་། སྟག་ལུང་ལྷོ་བྱང་ཕྱོགས་གཉིས་ཀྱི་འཚོལ་སྐྱོབ་རུ་ཁག་རྡོ་སྤུངས་ཁུག་ཏུ་བདེ་བླག་ངང་འཕྲད་པ་དང་ཆབས་ཅིག་འཚོལ་སྐྱོབ་ལམ་ཐིག་ཧྲིལ་བོ་ཆ་ཚང་འཚོལ་ཞིབ་བྱས་ནས་འཚོལ་སྐྱོབ་ས་ཁོངས་སུ་དཀའ་ངལ་ལ་འཕྲད་པའི་མི་སྣ་མེད་པས་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་། ཐེངས་འདིའི་ཛ་དྲག་ངང་འཚོལ་སྐྱོབ་བྱས་ནས་དཀའ་ངལ་ལ་འཕྲད་པའི་མི251(ཀན་སུའུ་ཞིང་ཆེན་སུའུ་ནན་རྫོང་གིས་གནས་སྤོ་བྱས་པའི་དཀའ་ངལ་ལ་འཕྲད་པའི་མི39ཚུད)བདེ་བླག་ངང་གནས་སྤོ་བྱས་པ་དང་མི1དྲོད་ཚད་དམའ་བ་དང་ས་མཐོ་བྱུང་ནས་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བ་ཕུད་མི་སྣ་གཞན་དག་ཉེན་ཁ་ལས་ཐར་ནས་ལུས་པོ་བདེ་ཐང་ཡིན་པ་རེད།
གནོད་འཚེ་ཕོག་རྗེས་ཚེ་སྲོག་ལ་རེ་བའི་འོད་སྣང་ཡང་བསྐྱར་བསྩལ་བའི་བྱ་གཞག་ལ་བཀའ་དྲིན་ཡང་ཡང་ཞུས།
འཇུ་ལག་རྫོང་གི་ཧའོ་ཡུན་མགྲོན་ཁང་དུ་དཀའ་འཕྲད་མི་སྣར་བཀོད་སྒྲིག་འོས་འཚམ་དང་ལྟ་སྐྱོང་ཞིབ་ཚགས་བྱས་ལ། ཁོ་ཚོས་ཁྱིམ་མིར་རང་ཉིད་བདེ་འཇགས་ཡིན་པར་བཤད་པ་དང་རོགས་སྐྱོབ་མི་སྣར་ཐུགས་རྗེ་ཆེ་ཞུས།
གལ་ཏེ་རོགས་སྐྱོབ་མི་སྣས་ང་ཚོ་རྙེད་མ་ཐུབ་ཚེ་མཇུག་འབྲས་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། ཅང་སུའུ་ནས་ཡོང་བའི་སྐུ་ལྕམ་ཝང་ལགས་ཀྱིས་དཀའ་ངལ་ལ་འཕྲད་པའི་བརྒྱུད་རིམ་ལ་ཕྱིར་དྲན་བྱེད་སྐབས། སྔར་བཞིན་སེམས་ཁྲལ་ཆེན་པོ་བྱེད་ཅིང་། ཁོས་མགྲིན་པ་བརྣངས་ནས་བཤད་རྒྱུར། ཟླ10པའི་ཚེས4ཉིན་འགྲོ་གྲོགས་དང་མཉམ་དུ་སུའུ་ནན་ནས་ལམ་ལ་ཆས་ཤིང་། ཚེས5ཉིན་གྱི་སྔ་དྲོར་སྟག་ལུང་ས་ཁུལ་དུ་ཁངས་ཆེན་བབས་བྱུང་། ལག་ཏུ་བཟུང་བའི་ཟས་རིགས་ཀྱིས་ཉིན་གཅིག་ལ་མ་གཏོགས་མི་འདང་ལ། དགོང་མོར་ཧ་ཅང་གྲང་ངར་ཆེ་ཞིང་མི་ལ་ལར་ཚ་རྒྱས་མགོ་བརྩམས། ཡིན་ནའང་ཚང་མ་མཉམ་གཅིག་ཏུ་འཛོམས་ནས་ཕན་ཚུན་ལ་དྲོད་ཁོལ་སྟེར་བ་ལས་ཐབས་གཞན་ཅི་ཡང་མེད་པས་རེ་ཐག་ཆད་པའི་ཚོར་བ་སྐྱེས་བྱུང་། ཚེས6ཉིན་གྱི་སྔ་དྲོར། རོགས་སྐྱོབ་མི་སྣ་མཐོང་སྐབས་ཁོ་མོ་དང་འགྲོ་གྲོགས་ཚོ་རང་དབང་མེད་པར་མིག་ཆུ་ཤོར་ལ། རོགས་སྐྱོབ་མི་སྣ་དུས་ཐོག་ཏུ་ཡོང་ནས་ང་ཚོར་ཆུ་ཁོལ་ལྡུག་པ་དང་ཟླ་གོར་བག་ལེབ་བྱིན་ནས་གོམ་པ་རེ་རེ་སྤོས་ཏེ་ང་ཚོ་རི་ཁུལ་ནས་ཕྱིར་ཁྲིད། ཁོ་ཚོའི་ལག་པ་ཧ་ཅང་འཁྱགས་ཤིང་གདོང་ཧ་ཅང་བཙོག་ནའང་ང་ཚོར་བདེ་སྣང་མང་པོ་བསྩལ་ཡོད་ཟེར།
འཇུ་ལག་ཆུ་མཛོད་ཀྱི་རགས་ཁའི་གནས་སྐབས་སྣེ་ལེན་བྱ་ཡུལ་དུ། བསྐྱབས་མ་ཐག་པའི་གསར་བུ་ཞིག་གིས་ཟ་མ་ཟོས་རྗེས་ཉེ་འགྲམ་གྱི་ལས་སྒྲུབ་མི་སྣར་ཟ་མ་འདི་ཟོས་རྗེས་ལུས་ཡོངས་ལ་དྲོད་ཀྱིས་ཁེངས་ཤིང་སེམས་པ་དེ་བས་ཀྱང་དྲོ་རུ་ཕྱིན་སོང་། ཁྱེད་ཚོར་ངོ་མ་ཐུགས་རྗེ་ཆེ་ཞུས་པ་ཡིན་ཟེར།
ཧྲང་ཧའེ་ནས་ཡོང་བའི་རྐང་བགྲོད་ལ་དགའ་བའི་སྐུ་ཞབས་ཀྲང་ནི་ཐེངས་འདིའི་བྱེད་སྒོའི་གནས་སྐབས་ཀྱི་སྣེ་ཁྲིད་པ་ཡིན་ལ། རོགས་སྐྱོབ་ཐུབ་རྗེས་ཁོས་བཀའ་དྲིན་ཚད་མེད་ཞུས་པར་མ་ཟད་རང་ཉིད་ལ་ལེ་བདའ་འང་བྱེད་བཞིན་ཡོད། “དེ་སྔོན་དྲ་ཐོག་གི་བྱེད་སྒོ་བསྡུ་བའི་ཆ་འཕྲིན་མཐོང་སྐབས་མཛེས་ལྗོངས་ཀྱིས་ཡིད་དབང་བཀུག་ཅིང་། མཚོ་འཕགས་མཐོ་བའི་ས་ཁུལ་གྱི་གནམ་གཤིས་འགྱུར་ལྡོག་མང་བ་དང་རྙོག་འཛིང་ཆེ་བའི་ལམ་གྱི་གནས་ཚུལ་ལ་བསམ་བློ་མ་བཏང་བར་མིང་ཐོ་བཀོད་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་ཚང་མ་ཉེན་ཁའི་གནས་སུ་ཁྲིད་སོང་། རྗེས་ཕྱོགས་མུན་འཐོམས་ཀྱིས་ཐོ་འགོད་སྙན་ཞུ་མ་བྱས་པའི་རྐང་བགྲོད་བྱེད་སྒོར་མི་ཞུགས་ལ་གསར་སྤེལ་བྱས་མེད་པའི་ས་ཁོངས་སུ་མི་སྣ་སྒྲིག་འཛུགས་བྱས་ནས་རྐང་བགྲོད་བྱེད་རྒྱུ་མིན་པར་བཤད།
ཨན་ཧུའེ་ཡི་རྐང་བགྲོད་ལ་དགའ་བའི་མའེ་མའེ་ཡིས་བཤད་རྒྱུར། ཀླུ་ལུང་རིའི་ལམ་ཐིག་གི་གནམ་གཤིས་ལ་འགྱུར་ལྡོག་ཆེ་བས་ཉེན་ཁ་ཧ་ཅང་ཆེན་པོ་འདུག འཇུ་ལག་རྫོང་གིས་བཀོད་སྒྲིག་བྱས་པའི་རོགས་སྐྱོབ་མི་སྣས་ང་ཚོ་བདེ་འཇགས་ངང་ཁྲིད་དེ་རི་ཁུལ་བརྒལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། སྤྱི་པའི་ཐོན་ཁུངས་འཕྲོ་བརླག་ཏུ་བཏང་བར་དགོངས་དག་ཞུ་བ་ཡིན། ཁྱོད་ནི་གསར་དུ་རྐང་བགྲོད་ལ་ཞུགས་མཁན་ཡིན་ནའང་འདྲ། ཡང་ན་རྐང་བགྲོད་ལ་ཞུགས་ནས་ཡུན་རིང་འགོར་ཡོད་མཁན་གང་ཡིན་ཡང་ས་སྟོང་བགྲོད་ལམ་དུ་གང་འདོད་ལྟར་འགྲོ་མི་རུང་སྟེ་དེ་ནི་དངོས་གནས་ཉེན་ཁ་ཞིག་རེད་ཟེར།
བརྗིད་ཆགས་མདོ་ལ་རི་བོའི་བདེན་དཔང་འོག ཐེངས་འདིར་ཞིང་ཆེན་དང་ཁུལ། རྫོང་རིམ་པ་གསུམ་མཉམ་འགུལ་དང་ཞིང་ཆེན་གཉིས་ཀྱི་མཉམ་སྒྲུབ་རོགས་སྐྱོབ་འགུལ་སྐྱོད་ཀྱིས“མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི”འདུ་ཤེས་གསལ་བཤད་བྱས་ཡོད། ཞིང་ཆེན་གྱི་མགོ་ཁྲིད་ཀྱིས་གཅིག་གྱུར་འཆར་འགོད་བཀོད་གཏོང་དང་། ཁུལ་དང་རྫོང་གི་མགོ་ཁྲིད་ཀྱིས་ཡུལ་དངོས་སུ་བཀོད་འདོམས་བྱས་ཏེ་རོགས་སྐྱོབ་ཁ་ཕྱོགས་གསལ་བོར་བཟོས་ནས་རོགས་སྐྱོབ་བྱེད་ཐབས་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་ལུགས་མཐུན་བྱས་ལ། རོགས་སྐྱོབ་མི་སྣ་ཡོངས་ཀྱིས་ནུས་ཤུགས་ཡོད་རྒུས་དཀའ་ངལ་སེལ་བ་དང་བློ་སྟོབས་གཅིག་གྱུར་གྱིས་ཚེ་སྲོག་གི་བགྲོད་ལམ་བསྐྲུན་པས“ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན་ཕྱོགས་བརྒྱད་ཀྱིས་རོགས་སྐྱོར་བྱེད་པའི”རོགས་སྐྱོབ་ལངས་གཟུགས་ཀྱི་རྣམ་པ་ཞིག་འཛམ་གླིང་གི་མི་ཚང་མའི་མིག་ལམ་དུ་མངོན་པར་བྱས་ལ། དེ་ནི་ཚེ་སྲོག་བླ་ན་མེད་པའི་བརྗིད་ཉམས་ལྡན་པའི་བསྒྲགས་གཏམ་ཞིག་ཡིན་ལ་ཚེ་སྲོག་གི་རིན་ཐང་ལ་ཆེས་བླ་ན་མེད་པའི་གོང་བཀུར་ཞིག་ཀྱང་རེད།
ཤ་ཚའི་དྲན་སྐུལ། མཐོ་སྒང་གི་གནས་མཆོག་སྟེ་འཇུ་ལག་ཏུ་མཛེས་ཤིང་སྡུག་པའི་ལེ་དབར་བརྒྱའི་ལོག་དཀར་མེ་ཏོག་གི་རྒྱ་མཚོ་དང་དྭངས་གཙང་ལྷད་མེད་ཀྱི་མེ་ལྷ་གངས་དཀར། དབེན་ཞིང་འཇགས་པའི་སེམས་ཉིད་ནགས་ཚལ་སོགས་ཐུན་མོང་མ་ཡིན་པའི་ཡུལ་ལྗོངས་ཡོད་པས། ང་ཚོས་རྒྱ་ཆེའི་ཡུལ་སྐོར་བ་འཇུ་ལག་ཏུ་ཡོང་ནས་རང་བྱུང་ཁམས་ཀྱི་མཛེས་སྡུག་ཉམས་སུ་མྱོང་བར་གདན་ཞུ་བྱས་པ་ཡིན། དེ་དང་ཆབས་ཅིག ང་ཚོས་ཚང་མས་རང་འགུལ་ངང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི《ཡུལ་སྐོར་བཅའ་ཁྲིམས》དང《མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》《རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲོལ་ཡིག》དང་། མཚོ་བྱང་ཁུལ་མཁོ་བསྟུན་དོ་དམ་ཅུས་དང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི《འབྲེལ་ཡོད་གསར་སྤེལ་སྒོ་འབྱེད་བྱས་མེད་པའི་ས་ཁོངས་སུ་ཡུལ་སྐོར་དང་ཉེན་འགྲིམ། བརྒལ་བ་སོགས་ཀྱི་བྱེད་སྒོ་གཏན་འགོག་བྱེད་པའི་སྐོར་གྱི་གསལ་བརྡ》 འཇུ་ལག་རྫོང་གི《འབྲེལ་ཡོད་མདོ་ལ་རི་ཁུལ་གྱི་ཀླུ་ལུང་རིའི་མངའ་ཁོངས་སུ་ཉེན་འགྲིམ་དང་བརྒལ་བ། རྐང་བགྲོད་སོགས་ཀྱི་བྱེད་སྒོ་གཏན་འགོག་བྱེད་པའི་སྐོར་གྱི་གསལ་བརྡ》སོགས་སྒྲིག་ཁྲིམས་ཀྱི་འབྲེལ་ཡོད་བླང་བྱ་བརྩི་སྲུང་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤྱི་པའི་སྒྲིག་བཀོད་ལ་གཅེས་སྐྱོང་བྱས་ནས་དཔལ་ཡོན་ལྡན་པའི་ཡུལ་སྐོར་དང་བདེ་འཇགས་ངང་ཡུལ་སྐོར་བྱས་ནས་བདེ་འཇགས་དང་དཔལ་ཡོན་། གོ་རིམ་ལྡན་པའི་ཡུལ་སྐོར་ཁོར་ཡུག་ཐུན་མོང་ཐོག་གཏོད་དགོས་པའི་འབོད་སྐུལ་བཏང་བ་ཡིན། (ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།)