གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་10ཉིན། 10:21】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་གྱི་གསར་འགོད་པ། ཤིན་དབྱང་།
ཟླ་བརྒྱད་པའི་ཚེས་བཅོ་ལྔའི་ཟླ་མཆོད་དུས་ཆེན་ལ། ལོ་63ལ་སླེབས་པའི་གྲོང་མི་ཝུའུ་ཡུན་གྱིས་ལོ་10ལ་སོན་པའི་ཚ་བོ་མཱ་ཙི་ཧའོ་ཁྲིད་དེ་ལེའོ་ཉིང་ཧྲེན་དབྱང་གྲོང་ཁྱེར་ཧོང་ཀུའུ་ཆུས་མུའུ་ཏན་སྡེ་ཁུལ་གྱི་ཏང་ཡོན་དང་མང་ཚོགས་ཞབས་ཞུ་ལྟེ་གནས་སུ་ཡོང་།
“རྨོའོ་ལགས། དེ་རིང་དགེ་རྒན་གྱིས་ང་ཚོར་ཟླ་མཆོད་བག་ལེབ་དང་ལྒང་བཞུ་ཚོན་ཁྲ་ཅན་བཟོ་སྟངས་བསླབ་རྒྱུ་རེད”ཅེས་བཤད་ཞོར་མཱ་ཙི་ཧའོ་བདེ་སྐྱིད་སློབ་གསོའི་སློབ་ཁང་ཕྱོགས་སུ་རྒྱུག ཝུའུ་ཡུན་འཁྲིས་ཀྱི་ཁྱིམ་སྡོད་རྒན་གསོ་ཞབས་ཞུའི་ལྟེ་གནས་སུ་ཕྱིན།
རྒན་རྒོན་དང་ཕྲུ་གུ་ནི་སྡེ་ཁུལ་གྱི་རྒྱུན་སྡོད་གྲོང་མི་ཡིན། “རྒན་གཅིག་གཞོན་གཅིག”ནི་ཁྱིམ་ཚང་མང་ཆེ་བའི་སེམས་ཁུར་བྱེད་ས་གཙོ་བོ་ཡིན། 2022ལོའི་ཟླ་བ་བརྒྱད་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མུའུ་ཏན་སྡེ་ཁུལ་དུ་ཕེབས་ནས“རྒན་གཅིག་གཞོན་གཅིག”གི་གནད་དོན་སྐོར་གསུངས་སྐབས“རྒན་རྒོན་བྱ་གཞག་དང་རྒན་རྒོན་ཐོན་ལས་དམ་འཛིན་ཡག་པོ་བྱེད་དགོས། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས” “ཕྲུ་གུ་ནི་ཕ་མའི་ནོར་བུ་ཡིན། མི་རབས་རྗེས་མ་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལུས་སེམས་བདེ་ཐང་ཡོང་བའི་འགན་ལེན་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
མུའུ་ཏན་སྡེ་ཁུལ་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་ནང་བཙུགས་ཤིང་། ཁང་པ་སྟར་པ་60ལྷག་ཙམ་གྱི་ནང་གྲོང་མི་དུད་ཚང་3000ལྷག་བསྡད་ཡོད་པས། སྐབས་ཤིག་རིང་རྒན་གསོ་དང་ཕྲུ་གུ་ལྟ་སྐྱོང་སོགས་ཀྱི་ཐད་ཚང་མར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། “དེ་སྔོན། སྡེ་ཁུལ་གྱི་བྱེད་སྒོའི་བར་མཐོངས་ཆེན་པོ་མེད་པས་ཕྲུ་གུ་ཚོ་འགྲོ་ས་མེད་ལ་རྒན་རྒོན་ཚོ་ཡང་སྦུག་སུབ་དོག་པའི་སྣང་བ་ཡོང་གི་ཡོད”ཅེས་ཝུའུ་ཡུན་གྱིས་ཕྱིར་དྲན་བྱས།
ཉེ་བའི་ལོ་ཤས་རིང་། མུའུ་ཏན་སྡེ་ཁུལ་གྱིས་བེད་མེད་དུ་ལུས་པའི་ཁྲོ་ཐབ་ཁང་བཤིག་ནས་ཏང་ཡོན་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་བཙུགས་ཏེ“རྒན་གཅིག་གཞོན་གཅིག”གི་ཞབས་ཞུ“སྤུས་དག”དང“ཞིབ་ཚགས”ཕྱོགས་སུ་རིམ་སྤོར་ཡོང་བར་སྐུལ་འདེད་བཏང་བ་རེད།
ཇི་ལྟར་བྱས་ནས“རྒས་དུས་འཚོ་རྟེན་ཡོད་པ”སོ་སོའི་སྒོ་རྩར་མངོན་འགྱུར་ཡོང་བར་བྱེད་དགོས།
“སྡེ་ཁུལ་གྱིས་བདེ་སྐྱིད་རྒན་རྒོན་ཟ་ཁང་བཙུགས་པ་མ་ཟད། ད་དུང་ཉིན་མོའི་ལྟ་རྟོག་ཁང་དང་དྲག་སྐྱེད་གསོ་བཅོས་ཁང་ཡང་བཙུགས་ཡོད” སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་སྤུས་ཚད་སྔར་བས་ལེགས་སུ་ཕྱིན་ཡོད། དཔེར་ན། མི་ཧྲེང་རྒན་རྒོན་ཚོར་རིག་ནུས་ལག་གདུབ་བཏགས་ཡོད། བདེ་ཐང་གྲངས་གཞི་རྒྱུན་གཏན་མིན་ཚེ། སྡེ་ཁུལ་གྱིས་ལམ་སེང་བརྟག་བཅོས་བྱེད་ཀྱི་ཡོད་པ་དང་། སེམས་ཁམས་བདེ་ཐང་སྐོར་གྱི་འཆད་ཁྲིད་དང་སྤྲོ་སྣང་ལྡན་པའི་སྤྱི་ཚོགས་འབྲེལ་བའི་བྱེད་སྒོ་དུས་བཀག་ལྟར་སྒྲིག་འཛུགས་བྱས་ནས། རྒན་རྒོན་ཚོར“རྒས་དུས་འཚོ་རྟེན་ཡོད་པ”མ་ཟད། ད་དུང“རྒས་དུས་སྤྲོ་སྣང་ཡང་ལྡན་པར”བྱས་པ་ལྟ་བུ་རེད་ཅེས་མུའུ་ཏན་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཧུའེ་ཡིས་ངོ་སྤྲོད་བྱས།
ཇི་ལྟར་བྱས་ནས་སྡེ་ཁུལ་ནང་དུ“ཕྲུ་གུ་སྐྱོང་མཁན་ཡོད་པར” བྱེད་དགོས།
བདེ་སྐྱིད་སློབ་གསོའི་སློབ་ཚན་དེ་དང་ཐོག་མའི་སློབ་ཚན་རྗེས་ཀྱི་བཅོལ་ཉར་ནས་རིམ་བཞིན་དབྱར་གསེང་དང་དགུན་གསེང་རིང་གི་ཉིན་གང་ཞབས་ཞུའི་བར་རྒྱ་སྐྱེད་བྱས་པ་དང་ཆབས་ཅིག སློབ་ཚན་གྱི་གྲུབ་ཆ་ཡང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད། གསར་དུ་བཀོད་སྒྲིག་བྱས་པའི་སྲོལ་རྒྱུན་རིག་གནས་ཀྱི་སློབ་ཚན་དང་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་བཟོ་རྩལ་སློབ་ཚན་སོགས་ལ་ཕྲུ་གུ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཀྱི་འདུག སྡེ་ཁུལ་གྱིས་ད་དུང་དུས་བཀག་ལྟར་རིགས་གཅིག་མཁས་ཅན་གདན་དྲངས་ནས་ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་བྱེད་ཀྱི་ཡོད་པ་རེད།
མུའུ་ཏན་སྡེ་ཁུལ་གྱི་ལོ་ལྔའི་འགྱུར་ལྡོག་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་དམངས་འཚོར་ཕན་འདོགས་པའི་བསྡུས་རིས་གསོན་ཉམས་ལྡན་པ་ཞིག་རེད། “རྒན་རྒོན་དང་ཕྲུ་གུ་ཚོར་ལྟ་སྐྱོང་བྱེད་པའི་ཐད་གདམ་ག་གསར་པ་བྱུང་ཡོད”ཅེས་ཝང་ཧུའེ་ཡིས་བཤད།
ནུབ་ཁའི་ཉི་ཟེར་སྡེ་ཁུལ་གྱི་ཏང་ཡོན་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་སུ་འཕྲོས་ཤིང་། ཐོག་བརྩེགས་དང་པོའི་ཟ་ཁང་ནང་། རྒན་རྒོན་ཚོ་གསོལ་ཅོག་གི་མཐར་འཁོར་དུ་བསྡད་དེ་དགོད་སྒྲ་ལྷང་ལྷང་དུ་གྲགས། ཐོག་བརྩེགས་གཉིས་པའི་སློབ་ཁང་ནང་། ཕྲུ་གུ་ཚོས་བགྲོ་གླེང་བྱེད་པའི་སྐད་སྒྲའང་བར་མེད་གྲགས། ཁྱིམ་དུ་ལོག་པའི་ལམ་བར་དུ། མ་ཙི་ཧའོ་ཡིས་ངས་བཟོས་པའི་ལྒང་བཞུ་ཚོན་ཁྲ་ཅན་འདི་རྨོའོ་ལགས་ལ་འབུལ་རྒྱུ་ཡིན་ཞེས་བཤད་པ་ཝུའུ་ཡུན་གྱིས་ཉན་གྱིན་དུ་གོམ་པའི་འདེགས་འཇོག་ཀྱང་ཡང་དུ་ཕྱིན།