གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་10ཉིན། 13:39】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ནི་གཞུང་ཚབ་ཚོགས་པས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སློབ་འབྲིང་དུ་ལྟ་སྐོར་འཚམས་འདྲི་བྱེད་བཞིན་པ།
ཉེ་ཆར། ཀྲུང་གོར་བཅའ་སྡོད་ཧ་སག་སི་ཐན་དང་། ཨ་ཟེར་བྷེ་ཇན། ཨར་མེ་ཉི་ཡ། བྷེ་ཨུ་རུ་སུ། མོལ་དོ་ཝ། ཐ་ཇིག་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་སོགས་རྒྱལ་ཁབ་ཀྱི་གཞུང་ཚབ་པ་དང་དེ་བཞིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་གཞོན་པ་དང་བཅས་པས་ཕྱི་འབྲེལ་པུའི་གདན་ཞུས་ལྟར་བོད་རང་སྐྱོང་ལྗོངས་ལ་ལྟ་སྐོར་འཚམས་འདྲི་བྱས་པ་རེད།
བོད་དུ་ལྟ་སྐོར་འཚམས་འདྲི་བྱེད་རིང་། གཞུང་ཚབ་ཚོགས་པས་ཉིང་ཁྲི་དང་ལྷ་ས་སོགས་སུ་བསྐྱོད་དེ་བོད་ཀྱི་དར་རྒྱས་སྒོ་དབྱེའི་རྣམ་པ་ཡུལ་དངོས་ནས་མྱོང་ལེན་བྱས་པ་དང་། རི་སྔོན་ཆུ་དྭངས་ཀྱི་ཁོར་ཡུག་ཁྲོད་དུ་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་རིག་གནས་ཉམས་ལེན་བྱས་པ་མ་ཟད། གངས་ལྗོངས་ས་མཐོར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལས་མངོན་པའི་རྣམ་པ་གསར་པ་མིག་མཐོང་ལག་ཟིན་གྱིས་མྱོང་ལེན་ཡང་བྱས་པ་རེད།
གཞུང་ཚབ་ཚོགས་པའི་ལྟ་སྐོར་འཚམས་འདྲི་བྱ་ཡུལ་དང་པོ་ནི“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་སུ་གྲགས་པའི་ཉིང་ཁྲི་གྲོང་ཁྱེར་རེད། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སློབ་འབྲིང་དུ་ཁོང་ཚོས་སྔ་རྗེས་སུ་སློབ་ཁང་དང་། ལུས་རྩལ་ཐང་། ཕྱོགས་བསྡུས་ཐོག་ཁང་། སློབ་མའི་ཉལ་ཁང་། ཟ་ཁང་བཅས་ལ་ལྟ་སྐོར་བྱས་པ་རེད། སློབ་གྲྭའི་དགེ་སློབ་དང་སྤེལ་རེས་བྱས་རྗེས། ཀྲུང་གོར་བཅའ་སྡོད་ཐ་ཇིག་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་སཱ་དབྱི་ཏེ་ཙུའོ་ཏཱ་ཡིས“ཕྲུ་གུ་ཚོའི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་ཧ་ཅང་ཡག་པོ་ཡོད་པ་མ་ཟད། ད་དུང་ཉལ་ཁང་དང་ལྟོ་ཆས་ལ་ཁ་གསབ་ཀྱང་འདུག སློབ་གྲྭ་ཡང་ཧ་ཅང་ཆེ་ཞིང་མཛེས་པས་སླད་ཕྱིན་ཁོང་ཚོ་རྒྱལ་ཁབ་ཀྱི་རྐང་འཛིན་པར་འཚར་ལོངས་ཡོང་ཐུབ་ངེས་རེད”ཅེས་བསྔགས་བརྗོད་བྱས།
ཀྲུང་གོར་བཅའ་སྡོད་ཧ་སག་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་ནུའུ་ལེ་ཧྲེ་ཧྥུའུ་ལ་བོད་ཀྱི་སློབ་གསོའི་གནས་ཚུལ་ཐད་མྱོང་བ་ཟབ་མོ་བྱུང་ནས“བོད་ཀྱིས་སློབ་མར་ལོ་15ཡི་རིན་མེད་སློབ་གསོ་ལག་ལེན་བསྟར་བ་དེ་དངོས་གནས་ཡག་པོ་རེད”ཅེས་བཤད། ཁོང་གིས་ད་དུང་སློབ་གྲྭས་རིག་གནས་སློབ་ཚན་ལ་མཐོང་ཆེན་བྱེད་པ་མ་ཟད། སློབ་མ་ལུས་རྩལ་དང་། མཛེས་རྩལ། མཉམ་གཞས་སོགས་ཀྱི་བྱེད་སྒོར་ཞུགས་པར་སྐུལ་ལྕག་གཏོང་གི་ཡོད་པས་སློབ་གྲྭས་སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པའི་འདུ་ཤེས་མཚོན་གྱི་ཡོད་པར་དོ་སྣང་བྱུང་ཡོད།
ཀླུ་སྟེང་གྲོང་ཚོ་དང་བར་ཐག་མི་རིང་བའི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་རླབས་སྔོན་ཡམ་ཡོམ་དུ་གཡོ་བ་དང་འདབ་ཆགས་དགུང་དུ་འཕུར་ལྡིང་བྱེད་པའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་མཛེས་ལྗོངས་ལ་འཚམས་འདྲིར་ཕེབས་པའི་སྐུ་མགྲོན་གྱི་ཡིད་དབང་འཕྲོག་ནས་བསྟོད་བསྔགས་ཡང་ཡང་བཏང་ཞིང་། ཀེ་ཝོར་ཁེ་དབྱང་གིས“མཛེས་སྡུག་ལྡན་པའི་འདམ་རའི་སྤྱི་གླིང་འདི་འདྲ་དེ་སྔ་སྤང་ཐང་སྐྱ་མོ་ཡིན་པ་ངའི་བསམ་ཡུལ་ལས་འདས་སོང་། བོད་ཀྱི་རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པ་ནི་འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱས་པ་དང་ཁྱད་མེད”ཅེས་བཤད།
ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཀོང་ཏུང་དང་ཉིང་ཁྲིའི་ཐོན་ལས་གླིང་གི་འགྲེམས་ཁུལ་དུ། གཞུང་ཚབ་ཚོགས་པས་འགྲེལ་བཤད་མི་སྣའི་རྗེས་སུ་འབྲངས་ནས་བོད་སྨན་དང་། སྤོས། ཚགས་ཤ་སྐམ་པོ། གུར་གུམ་སོགས་ཁྱད་ལྡན་ཐོན་རྫས་ལ་ལྟ་སྐོར་དང་རྒྱུས་ལོན་བྱས་པ་རེད། ཀྲུང་གོར་བཅའ་སྡོད་བྷེ་ཨུ་རུ་སུའི་གཞུང་ཚབ་ཆེ་མོ་བ་ཆེར་ཝེ་ཡཱ་ཁོ་ཧྥུའུ་ཡིས“བོད་ཀྱི་གསར་གཏོད་ནུས་པ་དང་ཚན་རྩལ་འཕེལ་རྒྱས་རྒྱུན་ཆད་མེད་པར་མགྱོགས་སུ་འགྲོ་བཞིན་ཡོད་པ་ང་ཚོས་མཐོང་བྱུང་། གསོ་རིག་གསར་གཏོད་དང་ཚན་རྩལ་མཉམ་ལས་ནི་བྷེ་ཀྲུང་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་ང་ཚོས་ཁྱབ་ཁོངས་དེའི་ནང་མཉམ་ལས་སྔར་བས་ཟབ་མོ་བྱ་རྒྱུའི་རེ་བ་ཡོད”ཅེས་བཤད།
ལྷ་སར། གཞུང་ཚབ་ཚོགས་པས་ཕོ་བྲང་པོ་ཏ་ལ་དང་། ལྷ་ལྡན་གཙུག་ལག་ཁང་། བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་བཅས་ལ་ལྟ་སྐོར་བྱས་པ་རེད།
ནུའུ་ལེ་ཧྲེ་ཧྥུའུ་ཡིས“ང་ཚོའི་རྒྱལ་ཁབ་ཀྱིས་རྟག་ཏུ‘རིག་གནས་ལོ’དང‘རིག་གནས་ཉིན་མོའི’བྱེད་སྒོ་གཉེར་གྱི་ཡོད་པས། བོད་ཀྱི་སྒྱུ་རྩལ་མཁས་ཅན་ཧ་སག་སི་ཐན་དུ་གདན་དྲངས་ནས་འཁྲབ་སྟོན་བྱེད་པར་ཡོང་རྒྱུའི་རེ་བ་ཡོད། སྤེལ་རེས་འདི་འདྲ་བྱས་ན་མཛའ་གྲོགས་ཟབ་ཏུ་འགྲོ་ཐུབ་པ་མ་ཟད། མཉམ་ལས་ཀྱི་འབྲེལ་བའང་ཟབ་ཏུ་གཏོང་ཐུབ”ཅེས་དང་། ད་ཐེངས་བོད་དུ་ལྟ་སྐོར་འཚམས་འདྲིར་ཡོང་བ་དེ་ཧ་ཀྲུང་ཕྱོགས་གཉིས་ཀྱིས་མཉམ་ལས་རྒྱ་སྐྱེད་གཏོང་བའི་གོམ་སྟབས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་དང་འབྱུང་འགྱུར་ང་ཚོ་དང་བོད་རང་སྐྱོང་ལྗོངས་དབར་གྱི་སྤེལ་རེས་སྔར་བས་དམ་ཟབ་ཡོང་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་བཤད།
“འདི་གའི་མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་དང་རང་བྱུང་ཁམས་དང་ཞི་མཐུན་མཉམ་གནས་ཡོད་པ་མ་ཟད། སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག དེང་རབས་ཀྱི་འཚོ་བའང་དང་ལེན་བྱས་ཏེ་དོ་མཉམ་ངོ་མཚར་ལྡན་པ་ཞིག་བྱུང་འདུག ད་ཐེངས་ལྟ་སྐོར་འཚམས་འདྲིར་ཡོང་བ་བརྒྱུད་ངས་གསོན་ཉམས་ལྡན་ལ་ཕྱོཌ་བསྡུས་ཀྱི་བོད་ལྗོངས་ཞིག་མཐོང་བྱུང”ཞེས་ཀེ་ཝོར་ཁེ་དབྱང་གིས་བཤད།
(ཤིན་ཧྭ་གསར་འགྱུར་ཁང་ནས་འབྱོར་བའི་གློག་འཕྲིན)