གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་10ཉིན། 13:55】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱི་ཆོག་མཆན་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་ཅུས་ཀྲང་གཞོན་པ་བསྟན་འཛིན་གྱིས་སྒྲིག་ཁྲིམས་དང་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་དོན་ཐོ་འགོད་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།
བརྟག་དཔྱད་བྱས་པ་བརྒྱུད། བསྟན་འཛིན་ནི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཡིན་པའི་ཆ་ནས། ཕུགས་བསམ་དང་དད་མོས་ཤོར་བ་དང་། ཏང་གཤིས་དང་ཐོག་མའི་ཕུགས་འདུན་མི་ལེགས་པར་རྨོངས་དད་ངང་ཆོས་ལུགས་བྱེད་སྒོ་སྤེལ་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཞག་ནས་སྒྲིག་འགལ་གྱིས་ལག་རྟགས་དང་ལག་དངུལ་བླངས་པ་དང་། རྩ་འཛུགས་ཀྱི་འདུ་ཤེས་སྣང་མེད་བཏང་བ་དང་། གཏན་འབེབས་ལྟར་མི་སྒེར་གྱི་འབྲེལ་ཡོད་དོན་དག་སྙན་སེང་མི་ཞུ་བ། སྤྱོད་གཙང་གི་གཞི་ཐིག་ཤོར་བ་དང་། འགན་དབང་སྤྱད་དེ་གཉེན་ཉེར་ཁེ་ཕན་དོན་གཉེར་བྱེད་པ་དང་། རང་གི་འགན་དབང་བེད་སྤྱད་ནས་གཉེན་ཉེས་ཁེ་ཕན་དོན་གཉེར་བྱེད་པའི་བྱ་སྤྱོད་རྒྱ་ཡན་དུ་བཏང་བ། ཧམ་ཟའི་འདོད་རྔམ་ཆེ་རུ་ཕྱིན་པ་དང་། དབང་དངུལ་ཉོ་ཚོང་ཆེན་པོ་བྱེད་པ། མི་གཞན་ལ་ལས་གྲྭའི་རྣམ་གྲངས་འགན་གཙང་ལེན་བྱེད་པ་སོགས་ཀྱི་ཐད་ལ་ཁེ་ཕན་དོན་གཉེར་བྱེད་པ། ཁྲིམས་འགལ་གྱིས་རྒྱུ་ནོར་འབོར་ཆེན་ལེན་པ་བཅས་བྱས་ཡོད།
བསྟན་འཛིན་གྱིས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས་བཅས་དང་ཚབས་ཆེར་འགལ་ནས་ལས་འགན་ཁྲིམས་འགལ་ཚབས་ཆེན་བྱས་པ་མ་ཟད་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་པ་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་ཚོད་མ་བཟུང་ཞིང་མཚམས་མ་བཞག་པས། ངོ་བོ་ཚབས་ཆེ་ཞིང་ཤུགས་རྐྱེན་ངན་པ་ཡིན་པས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་དོན་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་ཞུས་པ་བརྒྱུད། བསྟན་འཛིན་ཏང་ཁོངས་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུའི་ཐག་བཅད་པ་དང་། མཚོ་སྔོན་ཞིང་ཆེན་ལྟ་སྐུལ་ཨུ་ལྷན་གྱིས་ཁོ་ལ་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ། དེའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་བསྡུ་ལེན་རྩིས་འབུལ་བྱ་རྒྱུ། ཉེས་གསོག་དོགས་ཡོད་ཀྱི་གནད་དོན་དེ་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུར་སྤྲོད་རྒྱུ་དང་། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་མཉམ་དུ་སྐྱེལ་རྒྱུའི་ཐག་བཅད།