གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་10ཉིན། 14:21】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ནི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་ཡིན་པ།
“ཨ་སུའུ་ལི་ཡ་ནི་བྷང་ག་ལའི་འཁེལ་འཐག་བཟོ་ལས་ཁུལ་གལ་ཆེན་ཞིག་རེད། གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་རྗེས་ང་ཚོས་ཐོན་རྫས་ཏ་ཁ་དང་ཅི་ཏ་གྲུ་ཁ་སོགས་སུ་མགྱོགས་མྱུར་དབོར་འདྲེན་བྱེད་ཐུབ་ལ་སྐྱེལ་འདྲེན་གྱི་མ་གནས་ཀྱང་ཆུང་དུ་གཏོང་ཐུབ། དེ་བཞིན་ང་ཚོའི་ཡོང་འབབ་ཀྱང་མང་དུ་འགྲོ་གི་རེད”ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་ཧན་ཤིས་ཀྱིས་ཏ་ཁ་ནས་ཨ་སུའུ་ལི་ཡའི་ཟམ་གཟུགས་མྱུར་བགྲོད་གཞུང་ལམ(གཤམ་དུ“ཏ་ཨ་མྱུར་བགྲོད་གཞུང་ལམ”ཞེས་བསྡུ་རྒྱུ)བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།
ཏ་ཨ་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ནང་རིང་ཚད་སྤྱི་ལེ་24ཡོད་པའི་འཁོར་ལམ་བཞིའི་ཟམ་གཟུགས་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་དང་། སྤྱི་ལེ་14.3ལ་འགྲོ་ལམ་རིམ་སྤོར་སྒྱུར་བཀོད། དེ་བཞིན་གཅུས་ལམ་དང་ཞོར་འདེགས་ཟམ་ལམ་སོགས་ཞོར་གཏོགས་ལས་གྲྭ་ཚུད་ཡོད། མྱུར་བགྲོད་གཞུང་ལམ་དེར་ཆུ་ཚོད་རེའི་མྱུར་ཚད་མགྱོགས་ཤོས་སྤྱི་ལེ་80ལ་ཇུས་འགོད་བྱས་པ་དང་ཀྲུང་གོ་ཀུན་སྤྱོད་ལག་རྩལ་ཚོགས་པ་རྒྱལ་སྤྱིའི་མ་རྐང་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཀྲུང་གོ་འཕྲུལ་ཆས་ཀུང་སིས་འཛུགས་སྐྲུན་འགན་གཙང་བླངས་ཡོད། “རྣམ་གྲངས་དེས་ཏ་ཁ་བྱང་ཕྱོགས་དང་དེའི་བཟོ་ལས་ཁུལ་གྱི་འགྲིམ་འགྲུལ་མངོན་གསལ་དོད་པོས་ལེགས་སུ་འགྲོ་རྒྱུ་དང་། འགྲིམ་འགྲུལ་འགག་པའི་གནས་ཚུལ་སེལ་ཐུབ་རྒྱུ་མ་ཟད། ཏ་ཁ་དང་དེའི་ཉེ་འཁོར་གྱི་ཁུལ་30ཡི་མི་ཁྲི་4000ཙམ་ལ་ཕན་པ་ཐོབ་རྒྱུ་རེད། མྱུར་བགྲོད་གཞུང་ལམ་དེས་བྷང་ག་ལར་ཕན་ཚུན་སྦྲེལ་མཐུད་ཀྱི་དུས་རབས་གསར་པ་ཞིག་གཏོད་རྒྱུ་རེད”ཅེས་བྷང་ག་ལའི་འགྲིམ་འགྲུལ་པུའི་ཟམ་སྐྲུན་ཅུས་ཀྱི་ཅུས་ཀྲང་ཨ་པུའུ་ཏུའུ·ལ་ཧྥུའུ་ཡིས་བརྗོད།
ཀྲུང་གོའི་ཁེ་ལས་ཀྱི་ལམ་བཟོ་ཟམ་རྒྱག་གི་ལག་རྩལ་ལ་བྷང་ག་ལ་ཕྱོགས་ཀྱིས་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ཅིང་། “རྣམ་གྲངས་དེ་འཆར་གཞི་ལྟར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོའི་ཁེ་ལས་ལ་ལམ་བཟོ་ཟམ་རྒྱག་ཐད་འཛམ་གླིང་གི་རྩེར་སོན་ལག་རྩལ་དང་སྒྲིག་ཆས་ཡོད”རྣམ་གྲངས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་ཧྲ་ཧྥེ་ཁུའུ་ཡིས་བརྗོད། ཀྲུང་གོ་འཕྲུལ་ཆས་ཀུང་སིའི་རྣམ་གྲངས་ཀྱི་ཅིང་ལི་མཱ་ཀྲི་ཧྭ་ཡིས“རྣམ་གྲངས་ཀྱི་སྤྱིའི་འཕེལ་རིམ་ཕྱེད་ཀ་ལྷག་ཙམ་ལ་སླེབས་ཡོད་པས་2026ལོར་དུས་བཀག་ལྟར་རླངས་འཁོར་ཤར་གཏོང་ཐུབ་པར་རྨང་གཞི་ཡག་པོ་ཞིག་བཏིང་ཡོད”ཅེས་བརྗོད།
རྣམ་གྲངས་སྐྲུན་ཡུལ་གྱི་ས་གནས་ས་ཐོག་ཏུ་ས་གནས་དེ་གའི་བཟོ་པ་4000ཙམ་གླས་ཡོད་པ་རེད། རྣམ་གྲངས་པུས་དགེ་སློབ་ཀྱི“བརྒྱུད་རོགས་ཁྲིད་གསུམ”གྱི་རྣམ་པར་བརྟེན་ནས་ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་ཧུར་ཐག་བྱས་ཏེ། བྷང་ག་ལ་ཕྱོགས་ཀྱི་ལས་མིའི་ལག་རྩལ་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་པ་མ་ཟད། ད་དུང་ཀྲུང་བྷ་རྒྱལ་ཁབ་གཉིས་པོའི་ལས་མིའི་འབྲེལ་བ་ཟབ་ཏུ་བཏང་ཡོད། སྐད་སྒྱུར་དང་འཕྲུལ་ཆས་བཀོད་གཏོང་སོགས་ལས་དོན་གྱི་འགན་འཁུར་མཁན་ས་གནས་དེ་གའི་ཕོ་གཞོན་མོ་ལན་གྱིས“ངར་དེ་ནས་ལས་ཀའི་ཉམས་མྱོང་མང་པོ་ཐོབ་བྱུང་ལ། ཤེས་བྱའང་མང་པོ་ཤེས་བྱུང་། ངས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་འགྲོ་ལམ་བདེ་བླག་ངང་ལེགས་སྒྲུབ་ཐུབ་པ་དང་ཀྲུང་གོའི་གྲོགས་པོ་དང་མཉམ་དུ་ཟམ་པ་རྒྱག་པ་དང་ལམ་བཏིང་ནས་བྷང་ག་ལར་ཕན་ཚུན་སྦྲེལ་མཐུད་ཀྱི་སྒོ་མོ་ཕྱེ་བར་ལེགས་སྐྱེས་འབུལ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད།
ཀྲུང་གོ་ཀུན་སྤྱོད་ལག་རྩལ་ཚོགས་པ་རྒྱལ་སྤྱིའི་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལུའུ་ཝུའེ་ཅུན་གྱིས“ང་ཚོ‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་ཁྱབ་ཁོངས་འཛུགས་སྐྲུན་ནང་ཞུགས་ནས་གོ་ལ་ཧྲིལ་པོའི་ཕན་ཚུན་སྦྲེལ་མཐུད་ཀྱི་རོགས་ཟླའི་འབྲེལ་བ་འཛུགས་པ་དང་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བརྗོད།