གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་10ཉིན། 14:29】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
དབྱི་སི་རལ་སྲིད་གཞུང་གིས་ཀ་ཟཱའི་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ལ་ཆོག་མཆན་སྤྲད་པ།
ཚེས་10ཉིན་གྱི་ཐོ་རེངས་དབྱི་སི་རལ་གྱི་ཙུང་ལི་གཞུང་དོན་ཁང་གིས་གསལ་བསྒྲགས་སྤེལ་ནས་དབྱི་སི་རལ་སྲིད་གཞུང་གིས་ཀ་ཟཱའི་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ལ་ཆོག་མཆན་སྤྲད་ཡོད་ཅེས་བཤད་པ་རེད། དབྱི་སི་རལ་དམག་དཔུང་གིས་ཆུ་ཚོད་24ནང་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་དང་འབྲེལ་དམག་མཚམས་འཇོག་རྒྱུ་ཡིན་པ་དང་དེ་རྗེས་ཆུ་ཚོད་72ནང་བཀག་ཉར་བྱས་པའི་མི་སྣ་གློད་འགྲོལ་གཏོང་རྒྱུ་ཡིན་པ་རེད།
དམག་མཚམས་འཇོག་རྒྱུའི་གྲོས་མཐུན་གཞིར་བཟུང་། དབྱི་སི་རལ་དམག་དཔུང་གིས་ཀ་ཟཱ་ས་ཁུལ་གྱི་དམག་དོན་བྱ་སྤྱོད་མཚམས་འཇོག་བྱ་རྒྱུ་དང་འབྲེལ་ཀ་ཟཱ་ས་ཁུལ་ཁག་གཅིག་ནས་ཕྱིར་འཐེན་བྱ་རྒྱུ་དང་། ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་(ཧ་མ་སི་)གྱིས་བཀག་ཉར་བྱས་ཡོད་པའི་དབྱི་སི་རལ་གྱི་མི་སྣ་ཚང་མ་གློད་འགྲོལ་བཏང་ནས་དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་བཙོན་མ་2000ལྷག་ཙམ་གློད་འགྲོལ་གཏོང་རྒྱུར་བརྗེ་རེས་བྱས་པ་རེད།
ཕྱི་རྒྱལ་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་ཀ་ཟཱར་བཀག་ཉར་བྱས་པའི་དབྱི་སི་རལ་གྱི་མི་སྣ་20སྔར་བཞིན་གསོན་ཡོད་པ་དང་། གཞན་ཡང་མི་26རྐྱེན་ལམ་དུ་སོང་བ་དང་མི་2གར་སོང་མེད་པར་གྱུར་ཡོད། ཧ་མ་སིས་འདས་པོའི་ཕུང་པོ་ཕྱིར་སྤྲོད་རྒྱུ་དེ་སྲོག་ཉེན་ལས་ཐར་བའི་བཀག་ཉར་མི་སྣ་གློད་འགྲོལ་གཏོང་རྒྱུ་ལས་ཀྱང་ཡུན་རིང་དུ་འགོར་སྲིད་ཅེས་བཤད་པ་རེད།
གྲོས་མཐུན་ནང་ད་དུང་བཟའ་བཅའ་དང་སྨན་བཅོས་དངོས་རྫས་སྐྱེལ་འདྲེན་བྱེད་པའི་ལྗིད་ཐེག་རླངས་འཁོར་བརྒྱ་ཕྲག་ཁ་ཤས་ཀ་ཟཱ་ས་ཁུལ་དུ་བསྐྱོད་ཆོག་པ་དང་། ཁྱིམ་གཞིས་རྩ་བརླག་ཐེབས་པ་དང་ཡུན་རིང་གུར་ནང་ཉེན་གཡོལ་བྱེད་བཞིན་པའི་ཀ་ཟཱའི་མི་སེར་ལ་རོགས་སྐྱོར་བྱ་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།