འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་11ཉིན།

༄༅།།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་11ཉིན། 13:58】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཡི་གེ་ནང་འཇུག་དང་པར་རིས་ཡར་བསྐུར་བྱས་ཚེ། རྩེད་དཀའ་བའི་རྩེད་རྩལ་གྱི་བརྙན་ལམ་ཞིག་རང་འགུལ་ངང་གྲུབ་ཐུབ། ཧྲང་ཧའེ་ཡི“དབྱིབས་མྱུར་བར་མཐོངས”ཀྱི་དཔེ་དབྱིབས་ཆེན་པོའི་གསར་གཏོད་སྐྱེ་ཁམས་སྡེ་ཁུལ་དུ་ཧྲང་ཧའེ་ཞི་ཡུས་ཅི་ཀྲི་ཚན་རྩལ་ཚད་ཡོད་ཀུང་སིས་ཞིབ་སྤེལ་བྱས་པའི་དུང་དཀར་བརྙན་ལམ་མགྱོགས་མྱུར་གྲུབ་བཞིན་ཡོད། “དུས་ཐུང་ལོ་གཅིག་ནང་དུང་དཀར་བརྙན་ལམ་དེ་སྐད་རིགས་10ལ་རྒྱབ་སྐྱོར་བྱེད་པ་ནས་40ལྷག་ཙམ་བར་མང་དུ་ཕྱིན་པ་དང་། སྤྱོད་མཁན་དང་གསར་སྤེལ་བྱེད་མཁན་རྒྱལ་ཁབ་90ལྷག་ཙམ་དུ་ཁྱབ་ཡོད”ཅེས་ཀུང་སིའི་ཙུང་ཚའེ་གཞོན་པ་ཡན་དབྱི་ཅུན་གྱིས་བཤད།

     རྒྱལ་ཡོངས་ཀྱི་དཔེ་དབྱིབས་ཆེན་པོའི་ཆེད་ལས་སྐྱེད་སྲིང་དང་མགྱོགས་སུ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཡིན་པའི“དབྱིབས་མྱུར་བར་མཐོངས”འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ་སྟེ། ཟླ་བ་20མ་འགོར་བར་དཔེ་དབྱིབས་ཆེན་པོའི་ཁེ་ལས་བརྒྱ་ལྷག་ཙམ་འདུས་པ་དང་། ལོ་2མ་འགོར་བར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1ནས་སྨི་ངོས་གྲུ་ཁྲི་6ཙམ་བར་རྒྱ་སྐྱེད་བྱུང་ཡོད།

     ད་ལྟ“དབྱིབས་མྱུར་བར་མཐོངས”སུ་རྒྱལ་སྤྱིའི་སྔོན་ཐོན་གྱི་གནམ་གཤིས་དཔེ་དབྱིབས་ཆེན་པོ་དང་། རྒྱལ་ནང་གི་ཆེས་རིང་བའི་ཡིག་དེབ་ཀྱི་སྐད་རིགས་དཔེ་དབྱིབས་ཆེན་པོ་ཐོག་མ། རྒྱལ་ནང་དུ་ཐོག་མར་བཏོན་པའི་དཔྱད་གྲངས་དུང་ཕྱུར་ཁྲི་ཡི་དཔེ་རྣམ་མང་བའི་དཔེ་དབྱིབས་ཆེན་པོ་སོགས་རྩེར་སོན་ཐོན་རྫས་བསྟུད་མར་ཐོན་ནས་གསར་གཏོད་ཀྱི་མཐོ་ས་ཞིག་ཧོང་ཕུའུ་གཙང་འགྲམ་དུ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་ལས་འགན་ཨང་དང་པོ་ཡིན”ཞེས་ནན་བཤད་གནང་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང“མི་ཐབས་རིག་ནུས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས་ལུགས”བཏོན་ཡོད། ལོ་ལྔ་མ་འགོར་བར་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་སྐས་རིམ་དང་པོའི་གྲས་སུ་སླེབས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཉམས་དོད་པའི་མཆན་འགྲེལ་བྱས་ཡོད།

     “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་ཏེ་དམིགས་ཚད་གཙོ་བོ་མང་པོ་ཞིག་སྔོན་དཔག་ལས་བརྒལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པ་དང་རྣམ་པ་གསར་པ་མངོན་ཡོད།

    བརྟན་ཐོག་ཡར་འཕེལ་ལས། འཕེལ་རྒྱས་ཀྱི“སྟོབས་ཤུགས”སྔར་བས་ཆེ་རུ་ཕྱིན་པ།

     “རིམ་འདས་ལྷུ་ཚིགས”ལ་སླར་ཡང་ཚད་བརྒལ་བྱུང་ཞིང་། གོ་ལ་ཧྲིལ་པོའི་གདུབ་འཁོར་ཆེ་ཤོས་ཀྱི་འཁོར་རྟེན་རབ་དང་རིམ་པ་ཉེ་ཆར་ཧོ་ནན་ལུའོ་དབྱང་འཁོར་རྟེན་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིར་རྩིས་སྤྲོད་བྱས་པ་རེད།

     2021ལོ་ནས་2024ལོ་བར། ཐོན་རྫས་གསར་པའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་7.74ནས་སྒོར་དུང་ཕྱུར་16.05བར་འཕར་བ་དང་། རྩེར་སོན་འཁོར་རྟེན་གྱི་ཐོན་རྫས་རིན་ཐང་གིས་བཟུང་བའི་བསྡུར་ཚད་70%བར་འཕར་བ་ལ་སོགས། ལུའོ་དབྱང་འཁོར་རྟེན་ཚོགས་པས་འཁོར་རྟེན་རྩེ་གྲ་བཟོ་ཐུབ་པ་མཐའ་འཁྱོངས་བྱས་ཏེ་ཐོན་རྫས་རིགས་ཁྲི་3ལྷག་ཙམ་ལ་ཁྱབ་པ་དེ་དག་གིས་ལྕགས་ལམ་འགྲིམ་འགྲུལ་དང་རླུང་གློག་སོགས་ཁྱབ་ཁོངས་ལ་འདེགས་སྐྱོར་ཆེན་པོ་བྱས་ཡོད།

     “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱི་དཔལ་འབྱོར་སྤྱི་འབོར་སྒོར་དུང་ཕྱུར་ཁྲི་110དང་། སྒོར་དུང་ཕྱུར་ཁྲི་120 སྒོར་དུང་ཕྱུར་ཁྲི་130བཅས་སྐས་རིམ་འགའ་ལས་བསྟུད་མར་བརྒལ་ཡོད་པ་དང་། སྔོན་དཔག་བྱས་ན་ད་ལོ་སྒོར་དུང་ཕྱུར་ཁྲི་140ཡས་མས་ཟིན་ནས་འཛམ་གླིང་གི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་30%ཡས་མས་རྒྱུན་འཁྱོངས་ཐུབ་རྒྱུ་རེད།

    གོ་ལ་ཧྲིལ་པོའི་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོ་ཨང་དང་པོ་དང་། དངོས་ཟོག་ཚོང་དོན་རྒྱལ་ཁབ་ཆེན་པོ་ཨང་དང་པོ། ཕྱི་དངུལ་གསོག་འཇོག་གི་རྒྱལ་ཁབ་ཆེན་པོ་ཨང་དང་པོ། མི་ཤུགས་ཐོན་ཁུངས་ཀྱི་རྒྱལ་ཁབ་ཆེན་པོ་ཨང་དང་པོ་སོགས་སུ་བརྟན་པོར་གནས་ཡོད།

    གཞི་ཁྱོན་ཆེ་བ་དང་འཕར་བརྟན་པས། རང་རྒྱལ་གྱིས་རྒྱལ་ཁབ་ཆེན་པོའི་དཔལ་འབྱོར་གྱི་ལེགས་ཆ་སྔར་བས་སྲ་བརྟན་དུ་བཏང་ཡོད།

    གསར་གཏོད་ཀྱི་ཕྱོགས་སུ་བསྐྱོད་པས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་བས་སྟོབས་ཆེར་ཕྱིན་པ།

     ཚན་རྩལ་གསར་གཏོད་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཡིན། “ལོ་ལྔ་ཚན་བཅུ་བཞི་པའི”དུས་སུ། རང་རྒྱལ་གྱིས་གསར་གཏོད་དེ་སྔར་བྱུང་མ་མྱོང་བའི་གནས་བབ་གལ་ཆེན་དུ་བཞག་སྟེ། 2024ལོར་སྤྱི་ཚོགས་ཡོངས་ཀྱི་ཞིབ་སྤེལ་ཐད་བཏང་བའི་འགྲོ་སོང་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་དང་བསྡུར་ན་50%ཙམ་འཕར་བ་དང་། གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ཀྱི་ཨང་རིམ་བཅུ་པར་འཕར་ཡོད།

     ཟླ་བའི་ལྷ་མོ་ཨང་དྲུག་པས་ཟླ་བའི་གོ་ལའི་རྒྱབ་ངོས་ནས་མ་དཔེ་ལེན་ཐེངས་དང་པོ་ནས་གནམ་གྲུ་ཆེན་པོ་C919མཁའ་དབྱིངས་སུ་འཕུར་སྐྱོད་བྱེད་པའི་བར་དང་། དེ་ནས་ནུས་རྒྱུ་གསར་པའི་རླངས་འཁོར་དང་། ལིས་གློག་རྫས། འོད་ཤུགས་ཐོན་རྫས་སོགས“སྣ་ཁ་གསར་པ་གསུམ”ཕྱི་རྒྱལ་དུ་བཏང་བའི་བར། གསར་གཏོད་ཀྱི“ནུས་པས”དཔལ་འབྱོར་གྱི་སྒུལ་ནུས་འཕེལ་བར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཆེན་པོ་ཐོན་ཡོད།

     རྨང་གཞི་སྲ་བརྟན་དུ་བཏང་བས། འཕེལ་རྒྱས་ཀྱི་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་པ།

     ད་ལོའི་ཟླ་6པར་ཧའེ་ནན་ཡ་ཁྲེང་མཚོ་ཁོངས་སུ་རླངས་ཁྲོན་མཐའ་མ་བསྔོགས་ཏེ་ཐོན་སྐྱེད་བྱས་པ་དང་བསྟུན་ནས། “མཚོ་གཏིང་རྟགས་ཅན་དང་པོའི”དུས་ཐེངས་གཉིས་པའི་རྣམ་གྲངས་ཁྱོན་ཡོངས་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་རེད། དེ་ཐོག་ནས“མཚོ་གཏིང་རྟགས་ཅན་དང་པོའི”རླངས་ཞིང་ཆེ་གྲས་དེ་ཐོན་ནུས་ཆེ་ཤོས་ཀྱི་ཇུས་འགོད་བྱེད་མཚམས་སུ་སླེབས་པ་དང་། ལོ་རེའི་རང་བྱུང་སོལ་རླངས་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་45ལས་བརྒལ་རེ་ཡོད་པ་མཚོན་གྱི་ཡོད།

     རང་རྒྱལ་གྱི་ཐོན་ཚད་ཆེ་ཤོས་ཡིན་པའི་མཚོ་ཐོག་རླངས་ཞིང་ངོས་ནས། “མཚོ་གཏིང་རྟགས་ཅན་དང་པོའི”རླངས་ཞིང་ཆེན་པོས་ནུས་རྒྱུ་གཙང་མ་དག་རྒྱལ་ཡོངས་ཀྱི་རང་བྱུང་སོལ་རླངས་ཀྱི་སྦུག་དྲར་འདྲེན་ཏེ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་འདོགས་བཞིན་ཡོད།

     འབྲུ་རིགས་ཀྱི་ཐོན་འབབ་བརྟན་པོ་ཡོང་བར་བྱས་པས་ལོ་ཏོག་དང་། ཤ་རིགས། སྔོ་ཚལ། ཤིང་ཏོག་སོགས་ཀྱི་ཐོན་འབབ་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། ཐོན་ལས་ཀྱི་རྨང་གཞི་བརྟན་དུ་བཏང་བས་གོ་ལ་ཧྲིལ་པོའི་བཟོ་སྐྲུན་ལས་རིགས་ཀྱི་ཨང་དང་པོ་བཟུང་ནས་བཟོ་ལས་ཐོན་རྫས་གཙོ་བོའི་སྣ་ཁ་200ལྷག་ཙམ་གྱི་ཐོན་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་པ་སོགས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། སྔར་བས་རྙོག་འཛིང་ཆེ་ཞིང་ཛ་དྲག་ཏུ་འགྲོ་བའི་ཕྱི་རོལ་ཁོར་ཡུག་གི་མདུན་དུ་རང་རྒྱལ་གྱིས་དངོས་པོའི་ལག་རྩལ་གྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ནས་ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱས་ཡོད།

     “སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་ནི‘ལོ་ལྔ་ཚན་བཅུ་བཞི་པ’དང་ཐ་ན་དུས་ཡུན་དེ་བས་རིང་བའི་སྐབས་ཀྱི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་ཡིན་ལ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་དང་ཡང་འབྲེལ་བ་ཡོད”འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་རང་རྒྱལ་གྱི་དཔལ་འབྱོར་གྱི་རྨང་གཞི་བརྟན་པ་དང་། ལེགས་ཆ་མང་བ། མཉེན་ཆ་ཆེ་བ། མི་མངོན་པའི་ནུས་པ་ཆེ་བ་བཅས་ཡོད་པས། ཡུན་རིང་ལེགས་སུ་འགྲོ་བའི་འདེགས་སྐྱོར་གྱི་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད། ལས་འགན་ཨང་དང་པོ་གཞི་རྩར་འཛིན་པ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་བཅས་བྱས་ན། ང་ཚོས“ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུགས་རྒྱུར་རྨང་གཞི་བརྟན་པོ་འདིང་ཐུབ་ངེས་རེད། (འདི་ག་ཚགས་པར་གྱི་གསར་འགོད་པ་ཐེན་ཧུང་དང་ཝང་དབྱིན་ཤིན་བཅར་འདྲི་དང་རྩོམ་འབྲིའི་ནང་ཞུགས་པ)