འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་11ཉིན།

༄༅།།དུས་ཚིགས་དང་པོ་ནས་གསུམ་པའི་བར་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་དུས་གཏན་མེ་འཁོར་
གྱིས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས་70.3%འཕར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་11ཉིན། 13:59】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་ནན་ཉིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་ལྕགས་ལམ་ནན་ཉིང་ཅུས་ནས་ཤེས་རྟོགས་བྱས་པར། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན་དུས་གཏན་མེ་འཁོར་གྱིས་རིམ་རྩིས་བརྒྱབ་ན་དངོས་ཟོག་དོས་སྒམ་ཁྲི་109སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་70.3%འཕར་ཡོད། དེའི་ནང་ཟླ་9ཚེས་4ཉིན་ཚད་ལྡན་དོས་སྒམ་ཁྲི་100ལས་བརྒལ་ནས་ལོ་འཁོར་གྱི་སྐྱེལ་འདྲེན་བྱེད་ཚད་ཚད་ལྡན་དོས་སྒམ་ཁྲི་100ལས་ཐོག་མར་བརྒལ་ཡོད།

     “ད་ལོ་ནི་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་ཚུན་དངོས་ཟོག་གཏོང་ཚད་མགྱོགས་ཤོས་ཀྱི་ལོ་ཡིན་པ་དང་ཉིན་247ཁོ་ནར་དོས་སྒམ་ཁྲི་100ལས་བརྒལ་ཡོད། དེ་སྔོན་དོས་སྒམ་ཁྲི་བརྒྱ་ལས་བརྒལ་བར་དུས་ཡུན་ལོ་བཞི་ལྷག་ཙམ་འགོར་ཡོད། མིག་སྔའི་འཕེལ་ཕྱོགས་ལ་གཞིགས་ན་ད་ལོ་ཚད་ལྡན་དོས་སྒམ་ཁྲི་130ལས་བརྒལ་རེ་ཡོད་པ་དང་བསྡོམས་ཚད་ལྡན་དོས་སྒམ་སྐྱེལ་འདྲེན་བྱེད་ཚད་ཁྲི་500ཟིན་རྒྱུ་རེད”ཅེས་རྒྱལ་ཁབ་ལྕགས་ལམ་ནན་ཉིང་ཅུས་མཚོ་རྒྱུད་ལྕགས་ལམ་ཀུང་སིའི་ཆིན་ཀྲོའུ་གྲུ་ཁའི་ཤར་ཚུགས་ཀྱི་ཀྲེན་ཀྲང་གཞོན་པ་ཀྲའོ་ཅན་གྱིས་བཤད།

     ལོ་བརྒྱད་རིང་བགྲོད་ལམ་གསར་པའི་དུས་གཏན་མེ་འཁོར་གྱི་སྐྱེལ་འདྲེན་དགོས་མཁོ་སྐོང་ཆེད། ལྕགས་ལམ་སྡེ་ཚན་གྱིས་བགྲོད་ལམ་གསར་པའི་དུས་གཏན་མེ་འཁོར་དེ་ཐོག་མའི“ཁྲུང་ཆིང་ནས་ཀུའེ་ལིན་བར”གྱི་དུས་གཏན་མེ་འཁོར་གྱི་ལམ་ཐིག་གཅིག་ནས་ད་ཆ་རྒྱུན་རྣམ་ཅན་གྱི་བྱང་རྒྱུད་མཚོ་ཁུག་གྲུ་ཁ་ནས་ཁྲུང་ཆིང་བར་དང་། བྱང་རྒྱུད་མཚོ་ཁུག་གྲུ་ཁ་ནས་སི་ཁྲོན་བར། བྱང་རྒྱུད་མཚོ་ཁུག་གྲུ་ཁ་ནས་ཡུན་ནན་བར། བྱང་རྒྱུད་མཚོ་ཁུག་གྲུ་ཁ་ནས་ཀུའེ་ཀྲོའུ་བར། བྱང་རྒྱུད་མཚོ་ཁུག་གྲུ་ཁ་ནས་ཀུའེ་ཏུང་དང་ཀུའེ་པེ་བར་སོགས་གཏན་འཁེལ་གྱི་སྐྱེལ་འདྲེན་ལམ་ཐིག་26ཤར་གཏོང་བྱས་ཏེ། ཀྲུང་ཡོའི་དུས་གཏན་མེ་འཁོར་དང་འབྲེལ་མཐུད་ཡག་པོ་ཡོང་བར་སྐུལ་འདེད་ཐུབ་ཡོད། དེའི་ནང་བྱང་རྒྱུད་མཚོ་ཁུག་གྲུ་ཁ་དང་ཀྲན་ཅང་གྲུ་ཁ་ཐོན་ས་བྱས་པའི་གཏན་འཁེལ་གྱི་སྐྱེལ་འདྲེན་ལམ་ཐིག་15ཡོད་པ་དེ་བྱང་རྒྱུད་མཚོ་ཁུག་གྲུ་ཁ་འགྲོ་འོང་གཙོ་བོ་དང་ཁྲུང་ཆིང་དང་ཁྲེང་ཏུའུ་གཉེར་སྐྱོང་ལྟེ་གནས་སུ་བྱས་པའི་ནུབ་རྒྱུད་གྲོང་ཁྱེར་གཙོ་བོར་ཁྱབ་པའི་སྟབས་བདེའི་ནུས་ཆེའི་སྐྱེལ་འདྲེན་དྲ་བ་ཆགས་ཡོད། ད་ལོའི་ཟླ་8པའི་ཟླ་མཇུག་བར་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་དུས་གཏན་མེ་འཁོར་གྱི་དངོས་ཟོག་སྐྱེལ་འདྲེན་རིགས་1316བར་རྒྱ་སྐྱེད་བཏང་བ་དེའི་ནང་གློག་རྡུལ་ཐོན་རྫས་དང་། རླངས་འཁོར་དང་ལྷུ་ལག འཕྲུལ་ཆས། བཟའ་བཅའ་སོགས་རིགས་ཆེན་པོ་བཅུ་ལ་ཁྱབ་ཡོད།