འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་11ཉིན།

༄༅།།“ཀྲུང་གོ་དང་ཐེ་ལན་རྒྱལ་ཁབ་གཉིས་ཀྱི་དམངས་ཚོགས་དབར་སེམས་སྦྲེལ་ཟམ་པ་སྐྲུན་གྱི་ཡིན།”

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་11ཉིན། 14:05】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཉིན་ཤས་གོང་། “ཀྲུང་གོ་དང་ཐེ་ལན་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པའི་ཀྲུང་གོ་དང་ཐེ་ལན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་བ་དང་པང་ཁོག་རྒྱ་ཡིག་སྒྱུ་རྩལ་དུས་ཆེན་སྐབས་དང་པོ”ཐེ་ལན་པང་ཁོག་ཀྲུའུ་ལཱ་ལུང་ཀུང་སློབ་ཆེན་དུ་གཉེར་ཞིང་། དེའི་ནང་རྒྱ་ཡིག་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་དང་། རྒྱ་ཡིག་རིག་གནས་འཆད་ཁྲིད། གྲལ་སྒོར་གླེང་སྟེགས། སྒྱུ་རྩལ་ཉམས་ལེན་སོགས་ཀྱི་བྱེད་སྒོ་ཚུད་ཡོད་པར་ཐེ་ལན་གྱི་མཐོ་སློབ་དང་སྲིད་གཞུང་གི་ཚན་པ་མང་པོའི་འཐུས་མི་སོགས་མི་སྟོང་ཕྲག་ལྷག་ཙམ་ཞུགས་ཡོད།

     ཐེ་ལན་གྱི་དམངས་ཚོགས་ཀྱིས་ས་གནས་ས་ཐོག་ཏུ་ཤིང་བརྐོས་ཡིག་སྒྲིག་པར་འདེབས་དང་། ཧུའུ་ཀྲོའུ་ཡི་སྤུ་སྨྱུག་གིས་བྲིས་པའི་ཡིག་གཟུགས། རྒྱ་ཡིག་གི་རི་མོ་སྒྲིག་སྦྱོར་སོགས་ཀྱི་བྱེད་སྒོ་ཉམས་ལེན་བྱས་པ་རེད། ཐེ་ལན་གྱི་སློབ་གྲྭ་ཆེ་མོ་བ་སུའུ་ཝ་ཡིས“ངས་ཀྲུང་གོའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་བྱུང་ལ་ཤེས་བྱའང་མང་པོ་ཤེས་བྱུང་། ལྷག་པར་དུ་རྒྱ་ཡིག་གི་རི་མོ་སྒྲིག་སྦྱོར་ཚོད་ལྟ་བྱས་པས་དོན་སྙིང་ཆེན་པོ་ལྡན་ལ་གྲུབ་འབྲས་ཐོབ་པའི་ཚོར་སྣང་ཡང་བྱུང”ཞེས་བཤད།

     ལོ་9ལ་སླེབས་པའི་ཐེ་ལན་གྱི་སློབ་ཆུང་སློབ་མ་ཝན་ནཱ་ཡིས་གཟབ་ནན་ངང་སྤུ་སྨྱུག་ལག་ཏུ་བཟུང་སྟེ་ཀྲུང་གོའི་དགེ་རྒན་དང་མཉམ་དུ་པིར་རིས་རེ་རེ་བཞིན་སོ་སོའི་མིང་བྲིས་པ་དང་། ཝན་ནཱ་ཡིས“ཀྲུང་གོའི་སྤུ་སྨྱུག་གིས་བྲིས་པའི་ཡིག་གཟུགས་ཧ་ཅང་སྙིང་རྗེ་པོ་འདུག ངས་སྤུ་སྨྱུག་གི་ཡིག་གཟུགས་སྦྱོང་གི་ཡིན། ད་རེས་བྲིས་པའི་ཡིག་གཟུགས་དེ་ཕ་མ་གཉིས་ལ་ལག་རྟགས་སུ་སྤྲོད་ཀྱི་ཡིན”ཞེས་བཤད།

     བྱེད་སྒོ་སྤེལ་རིང“རྒྱ་ཡིག་གི་ཉམས་སྣང་། ཐེ་ལན་བཟོ་བོའི་སྙིང་སྟོབས”ཞེས་པའི་རིག་གནས་བསམ་བཀོད་འགྲེམས་སྟོན་བྱས་པར་དགའ་བསུ་རྒྱ་ཁྱབ་ཐོབ་ཅིང་། ཧུའུ་ཀྲོའུ་ནས་ཐོན་པའི་སྤུ་སྨྱུག་དང་། དར་གོས། རྒྱན་ཆ་སོགས་རིག་གནས་བསམ་བཀོད་ཐོན་རྫས་ལས་སྲོལ་རྒྱུན་རིག་གནས་དང་དེང་རབས་ཇུས་འགོད་མཉམ་འདྲེས་ཀྱི་རྣམ་པ་གསོན་ཉམས་དོད་པོས་མཚོན་ཡོད། 《རྒྱལ་སྤྱིའི་རྒྱ་ཡིག་སྒྱུ་རྩལ་བསྒྲགས་གཏམ》ཁྱབ་བསྒྲགས་དང་། “ཀྲུང་གོ་དང་ཐེ་ལན་གྱི་གཞོན་ནུ་ལོ་ཆུང་གི་ཧུའུ་ཀྲོའུ་ཞིབ་འཇུག་སློབ་སྦྱོང་འཆར་གཞི” “གྲོང་ཁྱེར་གཉིས་ཀྱི་འགྲེམས་སྟོན་གྱི་འབྱུང་འགྱུར་འཆར་གཞི”འོས་སྦྱོར་སོགས་ཀྱི་བྱེད་སྒོར་རིགས་གཅིག་མཁས་ཅན་དང་མཁས་དབང་དང་སྤྱི་དམངས་ཀྱི་བརྡ་ལན་ཧུར་ཐག་ཐོབ་པ་རེད།

     “ང་རང་ཀྲུང་གོར་སློབ་སྦྱོང་བྱེད་པར་འགྲོ་འདོད་འདུག་ལ། ད་དུང་ལྕགས་རི་རིང་པོར་འཛེགས་པ་དང་དུར་རྫས་རྫ་བཟོས་གྱད་རྟར་ཡང་ལྟ་འདོད་འདུག ཀྲུང་ཧྭའི་རིག་གནས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཀྲུང་གོའི་ས་གནས་ཁག་གི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད། ངས་རྒྱ་ཡིག་ཡག་པོ་སྦྱངས་ནས་འབྱུང་འགྱུར་ཐེ་ལན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་ཀྱི་ཟམ་པ་ཞིག་བྱེད་ཀྱི་ཡིན”ཞེས་ཀྲུའུ་ལཱ་ལུང་ཀུང་སློབ་ཆེན་རྩོམ་རིག་སློབ་གླིང་གི་སློབ་གྲྭ་ཆེ་མོ་བ་སུའུ་ཀན་ཏས་རེ་སྒུག་ཆེན་པོས་བཤད།

     ཐེ་ལན་སློབ་གསོ་པུའི་ཆ་འཕྲིན་དང་འཕྲིན་གཏོང་ལག་རྩལ་ལྟེ་གནས་ཀྱི་ཀྲུའུ་རེན་དབྱི་ཐི་ཀུང་གིས། 2025ལོ་ནི་ཐེ་ལན་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བའི་ལོ་རེད། ད་ཐེངས་ཀྱི་སྒྱུ་རྩལ་དུས་ཆེན་ནི་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་དང་མཉམ་ལས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་རྒྱུས་ལོན་དང་མཛའ་གྲོགས་ལ་སྔར་བས་སྐུལ་མ་ཐེབས་ནས“ཐེ་ལན་དང་ཀྲུང་གོ་ཁྱིམ་ཚང་གཅིག་ལྟར་བརྩེ་བ”མི་སེམས་སུ་སྔར་བས་གཏིང་ཟབ་ཟུག་ངེས་རེད་ཅེས་བཤད།

     ཀྲུང་གོའི་ཧྲན་ལན་རྒྱ་ཡིག་སྒྱུ་རྩལ་ཞིབ་འཇུག་གླིང་གི་ཡོན་ཀྲང་ཝང་ཞའོ་མིང་གིས“རྒྱ་ཡིག་སྒྱུ་རྩལ་དུས་ཆེན་ནི་འགྲེམས་སྟོན་དང་སྤེལ་རེས་ཀྱི་སྟེགས་བུ་ཞིག་ཡིན་པ་མ་ཟད། ཀྲུང་གོའི་རིག་གནས‘ཕྱིར་སྐྱོད་པའི’བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། སྒྱུ་རྩལ་དང་ཤེས་དཔལ་གྱི་སྤེལ་རེས་བརྒྱུད། ཀྲུང་གོ་དང་ཐེ་ལན་རྒྱལ་ཁབ་གཉིས་ཀྱི་དམངས་ཚོགས་དབར་སེམས་སྦྲེལ་ཟམ་པ་སྐྲུན་གྱི་ཡིན”ཞེས་བཤད།