འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་11ཉིན།

༄༅།།གནོད་འགོག་གེགས་སེལ་གྱི་མ་དངུལ་དུང་ཕྱུར་4.84བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་11ཉིན། 14:10】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཞིང་ལས་གྲོང་གསེབ་པུའུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་10ཚེས་10ཉིན་བར་རྒྱལ་ཡོངས་ཀྱི་སྟོན་འབྲུའི་བསྡུ་ཚད་ཕྱེད་ཀ་ལས་བརྒལ་ཡོད་པ་རེད། ཟླ་9པ་ནས་བཟུང་ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་། ཧྭ་བྱང་ལྷོ་རྒྱུད། ཧོང་ཧོའེ་བཅས་སུ་ཆར་ཆུ་བསྟུད་མར་བབས། སྔོན་དཔག་བྱས་པར་གཞིགས་ན། བྱང་ཕྱོགས་ས་ཁུལ་དུ་ཆར་ཆུ་མང་པའི་གནས་ཚུལ་ཟླ་10ཚེས་13ཉིན་བར་རྒྱུན་མཐུད་རྒྱུ་རེད།

     ཆར་ཆུ་བསྟུད་མར་བབས་པའི་ཤུགས་རྐྱེན་ལ་ཁ་གཏད་ཧུར་ཐག་གཅོག་ཆེད། ཉེ་ཆར་ནོར་སྲིད་པུས་ཞིང་ལས་གྲོང་གསེབ་པུའུ་དང་མཉམ་དུ་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་གནོད་འགོག་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་4.84བཏང་སྟེ། ཧོ་པེ་དང་། ཧྲན་ཞི། ཅང་སུའུ། ཨན་ཧུའེ། ཧྲན་ཏུན། ཧོ་ནན། ཧྲའན་ཞི་སོགས་ཞིང་ཆེན་བདུན་གྱི་གནོད་འཚེ་ཕོག་པའི་ས་ཁུལ་དུ་ཞིང་ལས་འཕྲུལ་ཆས་ཀྱིས་ཞིང་ཁ་བསྡུ་རོགས་དང་། འབྲུ་རིགས་བརླན་པ་སྐམ་རོགས། ས་ཞིང་གི་འཁྱིལ་ཆུ་ཕྱིར་འབུད་སོགས་ཞིང་ལས་ཐོན་སྐྱེད་ཀྱི་གནོད་འགོག་གེགས་སེལ་ལས་དོན་མགྱོགས་མྱུར་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། ལོ་ལེགས་ཡོང་བ་དང་འབྲུ་རིགས་མཛོད་ཁང་དུ་འཇུག་པའི་འགན་ལེན་བྱས་ཡོད།

     བསྟུད་མར་ཆར་པ་བབས་པ་དེས་“སྟོན་བསྡུ་”ལ་ཤུགས་རྐྱེན་གང་འདྲ་ཡོད་དམ། སྟོན་འབྲུ་བསྡུ་བའི་དུས་ཚིགས་སུ་ཆར་པ་བསྟུད་མར་བབས་པ་དང་། ཡང་ཡང་བབས་པ། ས་གནས་ཁག་ཏུ་དྲག་ཆར་བབས་པ་བཅས་ལས་ས་རྒྱུ་བརླན་དྲགས་པའི་གནས་ཚུལ་རྒྱུན་མཐུད་ངམ་ཡང་ན་ཇེ་སྡུག་ཏུ་ཕྱིན་ནས་ས་ཞིང་ལ་ཞོད་སྐྱོན་ཐེབས་པའི་ཉེན་ཁ་ཆེན་པོ་ཡོད། ཆར་ཆུ་རྒྱུན་མཐུད་དུ་བབས་པས་ད་ལོའི་འབྲུ་རིགས་ཀྱི་ཐོན་འབབ་དང་ལོ་ལེགས་ལ་ཤུགས་རྐྱེན་ཐེབས་སམ། ཆར་པ་བསྟུད་མར་བབས་པས་སྟོན་དུས་བསྡུ་བར་ཤུགས་རྐྱེན་གཙོ་བོ་ཕྱོགས་གསུམ་ནས་མངོན་གྱི་ཡོད་པ་སྟེ།

     འཕྲུལ་ཆས་ཀྱི་ས་ཞིང་བསྡུ་པར་ཤུགས་རྐྱེན་ཐེབས་པ། ས་རྒྱུ་འདམ་རྫབ་ཡིན་པས། ཞིང་ལས་འཕྲུལ་ཆས་དང་ཡོ་བྱད་དེའི་ནང་དུ་ལྷུང་སླ་བས། སྟོན་བསྡུའི་ལས་ཀ་བདེ་བླག་ངང་སྤེལ་མི་ཐུབ།

     ཆར་པ་བསྟུད་མར་བབས་རྗེས་དྲོད་ཚད་མཐོ་བའི་གནམ་གཤིས་འབྱུང་ཚེ། མ་རྨོས་ལོ་ཏོག་ལ་ནད་སྐྱོན་འབྱུང་སླ་བ་དང་། ལྷག་པར་དུ་སྙེ་རྡོག་རུལ་ནད་འབྱུང་སྟེ་རུལ་བར་འགྱུར་སྲིད།

     བསྡུ་ལེན་བྱས་རྗེས་མ་རྨོས་ལོ་ཏོག་རླུང་སྐམ་བྱེད་དཀའ་རུ་འགྲོ་ངེས། གལ་ཏེ་དུས་ཐོག་ཏུ་སྐམ་མ་ཐུབ་ཚེ་དེའི་ཐོན་ཚད་དང་སྤུས་ཚད་ལ་ཤུགས་རྐྱེན་བཟོ་སྲིད།

     ཆེད་ལས་མཁས་ཅན་གྱིས་བསྟན་དོན། མིག་སྔའི་གནས་ཚུལ་གྱི་ངོས་ནས་བརྗོད་ན། ཆར་ཆུ་བསྟུད་མར་བབས་པས་སྟོན་འབྲུ་བསྡུ་བའི་དུས་ཚོད་འགོར་འགྱངས་བྱས་པ་དང་ཆབས་ཅིག་བསྡུ་བ་དང་སྐམ་པའི་ལས་དོན་གྱི་དཀའ་ངལ་ཆེ་རུ་ཕྱིན་ཡོད། ཆར་པ་མཚམས་བཞག་རྗེས་ཞིང་པ་ཚོས་དུས་ཐོག་ཏུ་མ་རྨོས་ལོ་ཏོག་བསྡུས་ནས་གཅིག་བསྡུས་ཀྱིས་བསྐམས་ཚེ་གཞི་རྩའི་ཐོག་ཐོན་ཚད་བརྟན་པོ་རྒྱུན་འཁྱོངས་ཐུབ་རྒྱུ་རེད། འོན་ཀྱང་གསོག་འཇོག་འོས་འཚམ་མེད་པ་དང་དུས་ཐོག་ཏུ་སྐམ་མ་ཐུབ་ན། ཞིང་པར་གྱོང་གུན་ངེས་ཅན་བཟོ་ངེས་རེད། ཕུགས་ཡུན་ལ་བསམ་གཞིག་བྱས་ཏེ། ནོར་སྲིད་ཀྱིས་ལས་ཕྱོད་ཆེ་བའི་བསྡུ་ལེན་འཕྲུལ་ཆས་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ཞིང་དུད་ལ་ཆར་བབས་རྗེས་ཀྱི་ལས་སྒྲུབ་ལ་དེ་བས་འཚམ་པའི་སྒྲིག་ཆས་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་གྲོས་འགོ་བཏོན་པ་དང་། འབྲེལ་ཡོད་སྡེ་ཁག་གིས་ཀྱང་མ་རྨོས་ལོ་ཏོག་བསྡུས་རྗེས་གསོག་འཇོག་དང་སྐམ་པའི་སྒྲིག་ཆས་འཛུགས་སྐྲུན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།