གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་11ཉིན། 14:15】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ལྷན་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་དང་ཧྲན་ཞི་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཟུར་པ། ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་ཟུར་པ་ཅིན་ཞང་ཅུན་གྱི་སྒྲིག་ཁྲིམས་དང་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་ལ་གྱོད་དོན་ཐོ་འགོད་དང་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།
བརྟག་དཔྱད་བྱས་གསལ།
ཅིན་ཞང་ཅུན་གྱིས་ཕུགས་བསམ་དང་དད་སེམས་ཤོར་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་དང་རྒྱབ་འགལ་བྱས་པ། ཆབ་སྲིད་ཀྱི་འགན་འཁྲི་དོར་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་བར་གཅོག་ཐབས་དང་། བབ་བསྟུན་བྱེད་པ། ནན་གྱིས་མ་སྒྲུབ་པ།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཞག་ནས་གཞུང་དོན་དྲང་གཞག་ལག་བསྟར་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་དང་ཡུལ་སྐོར་བཀོད་སྒྲིག་དང་ལེན་བྱས་པ་དང་སྒེར་གཉེར་ཁེ་ལས་བདག་པོས་མཁོ་འདོན་བྱས་པའི་ཞབས་ཞུ་རིན་མེད་དང་ལེན་བྱས་པ།
རྩ་འཛུགས་ཀྱི་རྩ་དོན་དང་རྒྱབ་འགལ་བྱས་པ་དང་། རྩ་འཛུགས་ཀྱིས་གནད་དོན་འདྲི་རྩད་བྱེད་སྐབས་གནད་དོན་གསལ་བཤད་ཇི་མ་ཇི་བཞིན་མ་བྱས་པ། ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་བྱེད་པའི་ལས་ཀའི་ཁྲོད་མི་གཞན་ལ་ཁེ་ཕན་དོན་གཉེར་བྱས་པ་མ་ཟད་རྒྱུ་ནོར་ལྐོག་ལེན་བྱས་པ།
སྤྱོད་གཙང་གི་མཐའ་ཚད་ཤོར་བ་དང་། འགན་དབང་སྤྱད་དེ་མི་གཞན་ལ་ཁེ་ཕན་དོན་གཉེར་བྱས་པ། གཉེན་ཉེས་གཞན་གྱི་རྒྱུ་ནོར་བླངས་པ། གཉེན་ཉེར་ལས་ཀ་དངོས་སུ་བྱེད་མི་དགོས་པར་གླ་ཕོགས་ཐོབ་པའི་ལས་ཀ་བཀོད་སྒྲིག་བྱས་པ། སྒྲིག་འགལ་གྱིས་ལག་རྟགས་དང་འབུལ་རྟེན་བླངས་པ། སྒྲིག་འགལ་གྱིས་ཁྲོམ་ཞུགས་ཀུང་སིའི་མ་རྐང་བླངས་པ། དབང་འཆལ་བརྗེ་ཚོང་བྱས་པ།
གོ་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ཁེ་ལས་གཉེར་སྐྱོང་དང་ལས་གྲྭ་འགན་འཁུར་སོགས་ཀྱི་ཐད་ཁེ་ཕན་དོན་གཉེར་བྱས་པ་མ་ཟད། ཁྲིམས་འགལ་གྱིས་རྒྱུ་ནོར་འབོར་ཆེན་བླངས་པ།
ཅིན་ཞང་ཅུན་གྱིས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་། རྩ་འཛུགས་སྒྲིག་ཁྲིམས། སྤྱོད་གཙང་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས་ལས་ཐོག་ཁྲིམས་འགལ་ཚབས་ཆེན་དང་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་པ་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུའང་ཚོད་འཛིན་མ་བྱས་པས། ངོ་བོ་ཚབས་ཆེན་དང་ཤུགས་རྐྱེན་ངན་པ་ཡིན་པས་ཐག་གཅོད་ནན་པོ་བྱ་དགོས། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས།》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་དོན་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས་》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱ་རྒྱུར་སྙན་སེང་ཞུས་རྗེས། ཅིན་ཞང་ཅུན་ལ་ཏང་ཁོངས་ནས་ཕྱིར་འབུད་གཏོང་བའི་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས། རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱིས་གཞུང་ལས་ཕྱིར་འབུད་གཏོང་བའི་ཆད་པ་གཅོད་རྒྱུ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་ཐོབ་ཐང་མེད་པར་བཟོ་རྒྱུ། དེའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་བསྡུ་ལེན་བྱ་རྒྱུ། ཉེས་གསོག་དོགས་ཡོད་ཀྱི་གནད་དོན་དེ་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུར་སྤྲོད་རྒྱུ་དང་། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་མཉམ་དུ་སྐྱེལ་དགོས། ཏང་གི་ཁོངས་ནས་ཕྱིར་འབུད་གཏོང་བའི་ཆད་པ་བཅད་པ་དེ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་འཚོགས་རྗེས་གཏན་ཁེལ་བྱ་དགོས།