འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་11ཉིན།

༄༅།།དམག་མིས་མི་སེར་བསད་པའི་དོན་རྐྱེན་ལ་མོ་ཞི་ཁོའི་ཙུང་ཐུང་གིས་ཞིབ་བཤེར་མཐར་ཕྱིན་
བྱེད་དགོས་པའི་བླང་བྱ་བཏོན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་11ཉིན། 14:25】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     མོ་ཞི་ཁོའི་གྲོང་ཁྱེར་ནས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་8ཉིན་མོ་ཞི་ཁོའི་ཙུང་ཐུང་ཞིན་པའོ་མུའུ་ཡིས་ཉིན་ཤས་གོང་རྒྱལ་ཁབ་དེའི་བྱང་རྒྱུད་མཐའ་མཚམས་ཀྲོའུ་ཐ་མའོ་ལི་ཕ་སི་ཁུལ་དུ་དམག་མིས་མི་སེར་བསད་པའི་དོན་རྐྱེན་ཐོན་པར་བརྟག་དཔྱད་མཐར་ཕྱིན་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    ཨ་རིའི་མཉམ་འབྲེལ་འཕྲིན་གཏོང་ཀུང་སིས་མོ་ཞི་ཁོའི་རྒྱལ་སྲུང་པུའི་གསལ་བསྒྲགས་ཤིག་དྲངས་ནས་ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་6ཉིན་གྱི་མཚན་མོ་དམག་ཕྱོགས་ཀྱི་རླངས་འཁོར་གྱིས་མན་ཐེ་གྲོང་གི་ཐན་ཕི་ཁོ་དང་འབྲེལ་མཐུད་བྱེད་པའི་མྱུར་བགྲོད་གཞུང་ལམ་ཐོག་སྐོར་གཡེང་བྱེད་སྐབས་རླངས་འཁོར་ཞིག་གིས་གདོང་པ་དང་དེ་རྗེས་དམག་མི་ཚོས་མེ་མདའ་བརྒྱབ་ནས་རྒོལ་གཏམ་བཏང་ཡོད་ཅེས་འཁོད་ཡོད་པ་རེད། དོན་རྐྱེན་དེས་མི་5རང་སར་ཤི་བ་དང་། མི་1སྨན་ཁང་དུ་བསྐྱལ་རྗེས་སྐྱོབ་མ་ཐུབ་པར་ཤི་བ། གཞན་ཡང་མི་2ལ་རྨས་སྐྱོན་ཕོག་ཡོད་པ་རེད།

     ཨ་རིའི་མཉམ་འབྲེལ་འཕྲིན་གཏོང་ཀུང་སིས་དམག་ཕྱོགས་ཀྱི་གསལ་བསྒྲགས་ནང་རླངས་འཁོར་ཐོག་གི་མི་སྣར་མཚོན་ཆ་ཡོད་མེད་གསལ་བཤད་བྱས་མེད་པ་རེད། ཐ་མའོ་ལི་ཕ་སི་ཁུལ་དུ་ཡུན་རིང་ཉེས་གསོག་རྩ་འཛུགས་མང་པོ་ཞིག་ཡོད་པ་རེད།

     《མོ་ཞི་ཁོའི་ཉིན་རེའི་གསར་འགྱུར་》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་8ཉིན་གསར་འགོད་པའི་ཚོགས་འདུ་འཚོགས་པའི་ཐོག་ཞིན་པའོ་མུའུ་ཡིས་“མི་རྣམས་བློ་ཕམ་དགོས་པའི་”དོན་རྐྱེན་དེའི་ཁྲོད་ཀྱི་དམག་མིའི་བྱ་སྤྱོད་ལ་ཞིབ་བཤེར་མཐར་ཕྱིན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། དམག་ཕྱོགས་ཀྱིས་མི་སེར་ལ་ཕར་རྒོལ་མི་བྱེད་པའི་བཀའ་རྒྱར་སྔར་བཞིན་བརྩི་སྲུང་བྱེད་མིན་འདྲི་སྐབས། ཁོང་གིས་སྔོན་ལ་དོན་རྐྱེན་གྱི་བརྒྱུད་རིམ་ལ་ཞིབ་བཤེར་བྱེད་དགོས་སྟེ། “མེ་མདའ་སྤྱོད་རྒྱུ་དེ་ངེས་པར་དུ་ལུགས་མཐུན་ཡིན་དགོས་པ་དང་བཅའ་ཁྲིམས་ནང་བེད་སྤྱོད་ཆ་རྐྱེན་གཏན་འབེབས་གསལ་པོར་བྱས་ཡོད་”ཅེས་ལན་བཏབ།

     ཞིན་པའོ་མུའུ་ཡིས་ད་ལྟའི་སྲིད་གཞུང་གིས་ཙུང་ཐུང་ཟུར་པ་ཁར་ཏེ་ལུང་གི་དུས་སྐབས་ལྟར་དུག་ཚོང་ཚོགས་པར་“དམག་བརྒྱབ་”མེད་པ་དང་། དཔུང་སྡེར་ཕར་རྒོལ་འཕྲད་སྐབས་གཞི་ནས་དྲག་ཤུགས་ཀྱི་ཐོག་ནས་རྒོལ་གཏམ་གཏོང་སྲིད་ཅེས་ནན་བཤད་བྱས་པ་རེད།

     ཚེས་8ཉིན་སི་ཕེན་གྱི་《རྒྱལ་ཁབ་ཚགས་པར་》དུ་“གཞུང་ཕྱོགས་ཀྱི་ཆ་འཕྲིན་མི་སྣའི་”བཤད་ཚུལ་དྲངས་ནས་དམག་ཕྱོགས་ཀྱིས་མི་སེར་“ནོར་འཁྲུལ་གྱིས་བསད་པ་”རེད་ཞེས་བཤད་པ་དང་འབྲེལ་ས་གནས་དེ་གའི་སྨྱན་སྦྱོར་དུ་གནས་ཚུལ་སྤེལ་བའི་རྐྱེན་ལམ་དུ་ཤོར་བའི་མི་མང་ཆེ་བ་ནི་ཞིང་རའི་ལས་མི་དུས་ཐུང་ཡིན་ཞེས་བསྟན་པ་རེད། ད་ཆ་མོ་ཞི་ཁོའི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་གཞུང་དོན་ཁང་གིས་བརྟག་དཔྱད་བྱེད་འགོ་ཚུགས་པ་དང་མོ་ཞི་ཁོའི་དམག་དོན་ཞིབ་དཔྱོད་སྡེ་ཚན་གྱིས་ཀྱང་དུས་མཉམ་དུ་མྱུལ་ཞིབ་བྱེད་ཀྱི་ཡོད་པ་རེད།

     《མོ་ཞི་ཁོའི་ཉིན་རེའི་གསར་འགྱུར་》ནང་ཉེ་བའི་ལོ་ཤས་རིང་མོ་ཞི་ཁོར་དམག་དཔུང་གིས་མི་སེར་བསད་པའི་དོན་རྐྱེན་ཐེངས་མང་ཐོན་ཡོད། འདི་ལོའི་ཟླ་5པར་ཞི་ན་ལུའོ་ཡ་ས་ཁུལ་དུ་ལོ་7དང་11ལ་སླེབས་པའི་བྱིས་མོ་གཉིས་རླངས་འཁོར་ལ་སྡོད་པའི་ལམ་བར་དུ་དམག་མི་ཚོས་མེ་མདའ་བརྒྱབ་ནས་རྐྱེན་ལམ་དུ་ཤོར་བ་དང་། 2024ལོའི་ཟླ་10པར་ཆ་ཕ་སི་ཁུལ་དུ་དམག་མིས་གནས་སྤོས་ཡུལ་མི་6མེ་མདའ་བརྒྱབ་ནས་བསད་པའི་དོན་རྐྱེན་ཐོན་ཡོད། མོ་ཞི་ཁོའི་རྒྱལ་སྲུང་པུའུ་ཡིས་དམག་མི་ཚོས་གནས་སྤོས་ཡུལ་མི་དེ་ཉེས་གསོག་པ་ཡིན་ནོར་ཤོར་བའི་ངོས་བཟུང་བ་རེད་ཞེས་བཤད་པ་རེད།