གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་12ཉིན། 14:24】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ད་ལོ་ནས་བཟུང་། ས་གནས་ཁག་གཅིག་གིས་ནུས་རྒྱུ་གསར་པའི་དྲ་ཞུགས་གློག་རིན་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། ནུས་རྒྱུ་གསར་པའི་གློག་གཏོང་བ་དེ“འགྲན་མེད་སྐྱིད་ཁང”ཞིག་ནས་ཁྲོམ་རའི་འགྲན་རྩོད་བྱེད་དུ་བཅུག་ཡོད། སྲིད་ཇུས་འདི་ལག་བསྟར་བྱེད་པར་བལྟས་ན་ཧ་ཅང་ཁག་པོ་ཡོད་རུང་། ད་དུང་དེ་བཏོན་དགོས་དོན་ཅི་ཡིན་ནམ།
—— མི་དམངས་དྲ་བའི་དྲ་གྲོགས་ཀྱིས་དྲིས་པ།
དྲ་གྲོགས་དེས་བཏོན་པའི་སྒྱུར་བཅོས་དེ་ད་ལོའི་ལོ་འགོར་བཏོན་པའི《ནུས་རྒྱུ་གསར་པའི་དྲ་ཞུགས་གློག་རིན་ཁྲོམ་ར་ཅན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ནུས་རྒྱུ་གསར་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའི》ནང་འཁོད་པ་ཞིག་རེད། དེའི་གཙོ་གནད་ནི“ནུས་རྒྱུ་གསར་པའི་དྲ་ཞུགས་གློག་ཚད་ཕྱོགས་ཡོངས་ནས་གློག་ཤུགས་ཁྲོམ་རར་ཞུགས་རྒྱུར་སྐུལ་འདེད་གཏོང་བ་དང་ཁྲོམ་རའི་ཉོ་ཚོང་བརྒྱུད་རིན་གོང་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པ”དེ་རེད། རིགས་གཅིག་མཁས་ཅན་མི་ཉུང་བ་ཞིག་གིས་སྲིད་ཇུས་དེར“དུས་ཐུང་གི་དཀའ་ངལ་འཕྲད་རུང་ཕུགས་ཀྱི་ཕན་ནུས་ཆེ་བའི”ཁྱད་ཆོས་ལྡན་པའི་ངོས་འཛིན་བྱས་ཡོད།
“དུས་ཐུང་གི་དཀའ་ངལ”ལས“གཏིང་ཟབ་པའི་དཀའ་ངལ”མངོན་ཞིང་། དེ་ནི་ཉེ་བའི་ལོ་ཤས་རིང་ནུས་རྒྱུ་གསར་པ་འཕེལ་རྒྱས་གཏོང་བའི་འགལ་བ་རིམ་བསགས་བྱས་པ་ཞིག་རེད། ལོ་འདི་དག་རིང་། རང་རྒྱལ་གྱིས་ལྗང་མདོག་ཕྱོགས་སྒྱུར་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། རླུང་ཤུགས་དང་འོད་ཤུགས་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གློག་འདོན་ཚད་མེ་གློག་ལས་ཚད་བརྒལ་བྱུང་ཡོད། དེ་དང་ཆབས་ཅིག འཕེལ་རྒྱས་ཐད་ཀྱི་སེམས་ཁྲལ་བྱུང་བ་སྟེ། བཟོ་སྐྲུན་ཐད་ཐོན་ནུས་ལ་དུས་མཚམས་རང་བཞིན་གྱི་སྤྲོད་མང་མཁོ་ཉུང་བྱུང་སྟེ་གྱོང་གུན་ཐེབས་ཁྱོན་ཅུང་ཆེ་རུ་ཕྱིན་པ་དང་། ཉེར་སྤྱོད་ཐད་གློག་ཤུགས་འཛད་སྤྱོད་ཀྱི་འགལ་བ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་དེ་རེད།
ལྷག་པར་དུ་དོ་སྣང་བྱེད་དགོས་པ་ཞིག་ལ། སྲིད་ཇུས་ཀྱིས“དུས་ཐུང་གི་དཀའ་ངལ”ཐད་བསམ་གཞིག་གང་ལེགས་བྱས་ཏེ“མང་སློག་ཉུང་སྣོན”གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་རིན་གོང་བསྡོམས་རྩིས་ལམ་སྲོལ་གསར་གཏོད་བྱས་ནས་ཁེ་ལས་བརྟན་པོའི་ངང་བར་བརྒལ་བྱེད་རོགས་བྱས་ཡོད།
ཡུན་རིང་ནས་བལྟས་ན། བརྡ་ཐོ་དེ་བཏོན་ནས་ནུས་རྒྱུ་གསར་པའི་གློག་འདོན་ཁེ་ལས་ལ་གཞི་ཁྱོན་ཆེ་རུ་གཏོང་བ་ནས་སྤུས་ཚད་མཐོ་རུ་གཏོང་བའི་ཕྱོགས་སུ་བསྒྱུར་བ་དང་། དེ་སྔའི“གློག་འདོན་མང་བ”ནས“གློག་འདོན་མཁས་པ”དང“གློག་ཡག་པོ་འདོན་པའི”ཕྱོགས་སུ་བསྒྱུར་བར་ལྡོག་སྐུལ་བྱས་པ་ཞིག་རེད། འགྲན་རྩོད་གང་ལེགས་བྱུང་བ་དེས་ཁེ་ལས་ཀྱིས་འཛད་སྤྱོད་ཐབས་ལམ་གསར་པ་འཚོལ་བ་དང་ནུས་གསོག་སྟབས་བསྟུན་བཀོད་སྒྲིག་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་འགྲན་རྩོད་ནུས་པ་ཆེ་རུ་གཏོང་ཐུབ་པ་མ་ཟད་གློག་ཤུགས་ཐོན་ཁུངས་སྤྱི་ཡོངས་ནས་བཀོད་སྒྲིག་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་བས“ཕུགས་ཀྱི་འཕེལ་རྒྱས་ཆེན་པོའི”ཕན་འབྲས་གཏོད་ཐུབ།
དྲ་ཞུགས་གློག་རིན་ཁྲོམ་ར་ཅན་དུ་འགྱུར་བའི་སྒྱུར་བཅོས་ཙམ་མ་ཟད། ཉེ་བའི་ལོ་ཤས་རིང་བཏོན་པའི་སྲིད་ཇུས་མང་པོ་ཞིག་ལ“དུས་ཐུང་གི་དཀའ་ངལ་འཕྲད་རུང་ཕུགས་ལ་འཕེལ་རྒྱས་ཆེ་བའི”ཁྱད་ཆོས་ལྡན་ཡོད།
“དུས་ཐུང་གི་དཀའ་ངལ”ལ་ཡོངས་ཁྱབ་རང་བཞིན་ལྡན་ཞིང་། སྲིད་ཇུས་ནི་གནད་དོན་ལ་དམིགས་ནས་བཏོན་པ་ཞིག་ཡིན་སྟབས། སྒྱུར་བཅོས་གཏིང་ཟབ་བྱེད་པར་སྲིད་ཇུས་ལ“ཚོར་སྐྱེན”དང“རིན་ཐང”ཡོད་དགོས། གང་ཡིན་ཟེར་ན། ང་ཚོར་གཏིང་ཟབ་པའི་འགལ་བ་དེ་བས་མང་བ་དང་དཀའ་ངལ་ཆེ་བའི་གནད་དོན་དེ་བས་མང་བ་འཕྲད་ངེས་རེད།
ཁེ་ཕན་སྙོམས་སྒྲིག་བྱེད་པར་དཀའ་ངལ་འཕྲད་སྲིད་ཅིང་། གསོ་རིག་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་བྱེད་པ་ལྟ་བུར་མཚོན་ན། སྨན་ཁང་དང་། སྨན་རྫས་ཁེ་ལས། སྨན་པ། ནད་པ་སོགས་ཚོགས་སྤྱི་མི་འདྲ་བ་དང་འབྲེལ་བ་ཡོད་པ་རེད། ཡང་དཔེར་ན། ས་ཁང་བདག་ཁོངས་འཕེལ་རྒྱས་ཀྱི་དཔེ་དབྱིབས་གསར་པ་བཟོ་རྒྱུ་དེ་ས་གནས་སྲིད་གཞུང་དང་། སྡོད་ཁང་ཁེ་ལས། དངུལ་ཁང་སོགས་བྱེད་པོ་མང་པོ་དང་འབྲེལ་བ་ཡོད་པ་རེད།
ཐོན་ཁུངས་བགོ་བཤའ་རྒྱག་པར་དཀའ་ངལ་འཕྲད་སྲིད་ཅིང་། སློབ་གསོ་དང་། སྨན་བཅོས། རྒན་གསོ་སོགས་ཀྱི་སྤྱི་པའི་ཐོན་ཁུངས་འབེལ་པོ་དེ་ཙམ་མེད་པས་ཇི་ལྟར་བྱས་ཏེ་བགོ་བཤའ་ཡག་པོ་རྒྱག་པ་དང་། དྲང་གཞག་ལ་སྐུལ་འདེད་གཏོང་བ། “སྤྱིའི་བགོད་གྲངས་ཆེ་ཤོས”ཆགས་པ་བཅས་བྱ་རྒྱུ་ནི་ང་ཚོར་ཉམས་སད་ཐེག་ཐུབ་མིན་གྱི་འགག་རྩ་ཞིག་རེད།
དམིགས་འབེན་སྣ་མང་ཐད་དཀའ་ངལ་འཕྲད་སྲིད་ཅིང་། དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པ། དམངས་འཚོ་ལེགས་སུ་གཏོང་བ་བཅས་ཀྱི་སྲིད་ཇུས་མ་བཏོན་གོང་ངེས་པར་དུ་བསམ་གཞིག་མང་པོ་བྱེད་དགོས་ཀྱི་ཡོད།
ལོ་10ལྷག་ཙམ་གོང་། སྲིད་གཞུང་སྡེ་ཚན་གྱིས་སྲིད་ཇུས་བཏོན་ནས་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཐོག་མར་བྱེད་སྐབས་མི་མི་ཉུང་བ་ཞིག་གིས་ལས་རིགས་དེའི་མདུན་ལམ་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། ལོ་10ལྷག་ཙམ་འདས་རྗེས། ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་ནས་འཛམ་གླིང་གི་མདུན་གྲལ་དུ་བདེ་བླག་ངང་སླེབས་ཡོད།
ཡང་དཔེར་ན་འབྲི་ཆུར“ལོ་བཅུའི་རིང་ཉ་རྒྱ་བསྡམས་པ”ལྟ་བུ་རེད།
ཕྱོགས་གཅིག་ནས“སྲུང་སྐྱོབ་ཆེན་པོར་མཉམ་དུ་དམ་འཛིན”བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ལས་ཞུགས་བརྟན་པོ་དང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཉ་རྒྱ་བསྡམས་པའི་ལོ་ལྔའི་རིང་མ་ཡུམ་གཙང་པོ་ཉམས་པ་སླར་གསོ་གང་ལེགས་བྱུང་ནས་འབབ་རྒྱུད་ཀྱི་ཆུ་ནང་གི་སྐྱེ་དངོས་སྣ་མང་རང་བཞིན་མུ་མཐུད་སླར་གསོ་བྱུང་བ་དང་། ཉ་ལས་ཕྱིར་འཐེན་བྱས་པའི་ཉ་པ་ཁྲི་14.5ཐོན་ལས་བསྒྱུར་ནས་ལས་ཞུགས་ཐུབ་ཡོད། བསམ་བློ་ཞིག་བཏང་ན། གལ་ཏེ་སྐབས་དེར་དཀའ་ངལ་སྣ་ཚོགས་དབང་གིས་ཐེ་ཚོམ་བྱས་ཚེ་ད་ཆའི་རྦ་རླབས་ལང་ལོང་དུ་འཕྱུར་བའི་ཉམས་བཟང་དེ་ལྟ་བུ་ག་ལ་ཡོང་སྲིད།
ཞུང་ཨན་ཁུལ་གསར་དུ་ལོ་ངོ་སྟོང་གི་འཆར་གཞི་ཆེན་པོ་འདིང་བར་གནད་དོན་ཆུང་ཙག་ནས“ངོ་མཚར་ཆེ་བའི” འཆར་འགོད་རིམ་བཞིན་གསལ་པོ་མངོན་པ་དང་། “ཐཱན་གཉིས”ཕྱོགས་སྒྱུར་བྱས་ཏེ་འགག་སྒྲོལ་དཀའ་ངལ་ཏན་ཏིག་བསལ་བས། མཛེས་སྡུག་ལྡན་པའི་ཀྲུང་གོའི་འཆར་འགོད་མགྱོགས་མྱུར་བཏིང་བ་ལ་སོགས་མིག་རྒྱང་རིང་ཙམ་བྱེད་པ་དང་བྱ་སྤྱོད་ཏན་ཏིག་སྤེལ་ཚེ། འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་རེ་རེ་བཞིན་ཐག་གཅོད་ཐུབ་ངེས་རེད།
དཀའ་ངལ་ལ་མི་སྐྲག་པ་དང་ཐེ་ཚོམ་མི་བྱེད་པར་གཏན་འཁེལ་མ་ཐག་མྱུར་དུ་སྒྲུབ་དགོས། དྲང་བདེན་དམ་སྲུང་དང་སྙིང་རུས་གཏན་འཁྱོངས་བྱས་ཚེ་མཐར་གྲུབ་འབྲས་ཐོབ་ངེས་རེད།