འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་12ཉིན།

༄༅།།ཞི་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་དབུ་བརྙེས་ནས་ལོ་ངོ་80འཁོར་བར་ཁྲའོ་ཞན་ངལ་རྩོལ་ཏང་གི་
སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་12ཉིན། 14:25】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་ལ་གློག་འཕྲིན་བཏང་གནང་སྟེ་ཁྲའོ་ཞན་ངལ་རྩོལ་ཏང་དབུ་བརྙེས་ནས་ལོ་ངོ་80འཁོར་བར་རྟེན་འབྲེལ་ཞུས་པ་རེད།

     ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་གསུངས་དོན། ཁྲའོ་ཞན་ངལ་རྩོལ་ཏང་དབུ་བརྙེས་ནས་ལོ་ངོ་80འཁོར་བའི་མཚམས་སུ། ངས་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུ་རྒྱུ་དང་འབྲེལ་ང་རང་མི་སྒེར་གྱི་མིང་ཐོག་ནས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་། ཁྲའོ་ཞན་ངལ་རྩོལ་ཏང་གི་ཏང་ཡོན་ཡོངས་བཅས་དང་དེ་བཞིན་ཁྲའོ་ཞན་མི་དམངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།

     ཞི་ཅིན་ཕིང་གིས་གསུངས་དོན། ལོ་ངོ་80ཡི་རིང་། ཁྲའོ་ཞན་ངལ་རྩོལ་ཏང་གིས་ཁྲའོ་ཞན་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འབད་འབུངས་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་བྱས་ནས། ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། ཉེ་བའི་ལོ་ཤས་རིང་། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་ཁྲའོ་ཞན་གྱི་ཏང་དང་མི་དམངས་ཀྱི་འགོ་ཁྲིད་དེ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་བ། དམངས་འཚོ་ལེགས་སུ་གཏོང་བ་བཅས་ལ་ཧུར་ཐག་གཞོལ་ཡོད། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་གཙོས་པའི་ཁྲའོ་ཞན་ངལ་རྩོལ་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པའི་སྨོན་འདུན་ཞུ་རྒྱུ་དང་ཁྲའོ་ཞན་ངལ་རྩོལ་ཏང་གི་ཚོགས་ཆེན་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན།

     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་རེད། ཉེ་བའི་ལོ་ཤས་རིང་། ངས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་མཇལ་འཛོམས་ཐེངས་མང་བྱས་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་ཁ་སྒྱུར་བྱས་ཏེ། ཀྲུང་གོ་དང་ཁྲའོ་ཞན་དབར་མཛའ་གྲོགས་ཀྱི་ལེའུ་གསར་རྐྱང་ཞིག་འགོ་བརྩམས་ཡོད། མི་རིང་བའི་གོང་། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཀྲུང་གོར་ཕེབས་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པ་དང་། ངས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་གྲོས་མོལ་གཏིང་ཟབ་བྱས་ཏེ། ཀྲུང་གོ་དང་ཁྲའོ་ཞན་ཕྱོགས་གཉིས་པོས་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་སྔར་བས་འཕེལ་རྒྱས་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་འབྲེལ་བ་སྲུང་སྐྱོང་ཡག་པོ་དང་། སྲ་བརྟན། འཕེལ་རྒྱས་བཅས་ཡག་པོ་གཏོང་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཏང་དང་སྲིད་གཞུང་གི་འགྱུར་བ་མེད་པའི་བྱེད་ཕྱོགས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་པ། ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད། ཁྲའོ་ཞན་ངལ་རྩོལ་ཏང་ལ་གྲུབ་འབྲས་དེ་བས་ཆེ་བ་ཟམ་མི་ཆད་པར་ཐོབ་པའི་སྨོན་འདུན་ཞུ་རྒྱུ་དང་ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་གྲོགས་མི་ཉམས་ཡུན་གནས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།