འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་13ཉིན།

༄༅།།《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་གི་ཀློག་དེབ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་13ཉིན། 09:50】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་11ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཡིག་འབུལ་ཞུ་བཅར་ཅུས་ཀྱིས་སྒྲིག་འཛུགས་རྩོམ་འབྲི་བྱས་པའི《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་གི་ཀློག་དེབ》(གཤམ་དུ《ཀློག་དེབ》ཅེས་བསྡུ་རྒྱུ)ཉེ་ཆར་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་སྟེ་ཡིག་འབུལ་ཞུ་བཅར་ལས་དོན་གྱིས་ཡུལ་བབ་དམངས་འདུན་མཚོན་པ་དང་། འགལ་ཟླ་དང་རྩོད་གཞི་སེལ་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པའི་ཁྲོད་ལེགས་སྐྱེས་ཧུར་ཐག་འབུལ་བར་སྐུལ་འདེད་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལས་གཟིགས་རྒྱང་གསར་རྐྱང་གིས་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་བཏང་སྟེ། དུས་རབས་གསར་པའི་ཡིག་འབུལ་ཞུ་བཅར་ལས་དོན་ཡག་པོ་སྒྲུབ་པར་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་ཡོད། 《ཀློག་དེབ》ལ་ཁྱོན་བསྡོམས་ལེའུ་9ཡོད་ཅིང་། ཏང་གིས་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། མི་དམངས་གོང་དུ་བཀུར་བའི་རྩ་བའི་ལངས་ཕྱོགས་མཐའ་འཁྱོངས། དམངས་ཀྱི་དཀའ་ངལ་སེལ་བ་དང་ཏང་གི་སེམས་ཁྲལ་སེལ་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་འཁྱོངས་སོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་ལྟེ་བའི་དོན་སྙིང་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་རྒྱས་བཤད་བྱས་ཡོད།

     《ཀློག་དེབ》དཔེ་སྐྲུན་བྱས་པ་དེས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བ། ཡིག་འབུལ་ཞུ་བཅར་ལས་དོན་གྱི་ཆར་བརྟག་ཡོ་བྱད་ནུས་པ་སྔར་ལས་ལྷག་པ་འདོན་པ། སྒོ་རྩར་སླེབས་པའི་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པར་ཕན་ཐོགས་ཡོད་པ་རེད།