འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་13ཉིན།

བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ཀྲའོ་དབྱང་གིས་བརྗོད་དོན།

༄༅།།“གྲུབ་འབྲས་ཐོབ་དགོས་ན་ངེས་པར་དུ་དཀའ་ལས་དེ་བས་མང་བ་རྒྱག་དགོས”

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་13ཉིན། 09:52】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ● ཨང་37པ་ནས་རྒྱལ་ཡོངས་ཀྱི་ཨང་དང་པོ་བླངས་པའི་བར་ཀྲའོ་དབྱང་གི་འགྱུར་ལྡོག་ནི་མི་སྒེར་གྱི་བློ་བརྟན་འགྱུར་མེད་ངང་འབད་བརྩོན་བྱས་པའི་མཚོན་ཚུལ་ཞིག་རེད་ལ། བོད་ལྗོངས་ཀྱི་དམིགས་བསལ་ཉེན་རྟོག་པས་ས་བབ་མཐོ་བའི་ཁོར་ཡུག་འོག་རང་ཉིད་ལ་འགྲན་སློང་བྱེད་པ་དང་ཕུལ་དུ་བྱུང་བའི་སྙིང་སྟོབས་དོན་གཉེར་བྱེད་པའི་མཚོན་ཚུལ་ཞིག་དེ་བས་ཀྱང་རེད། གསེར་གྱི་རྟགས་མ་འདི་ནས་གངས་ལྗོངས་སྲུང་དམག་གི་ལྷག་བསམ་དང་གཟི་བརྗིད་ཀྱི་འོད་མདངས་ཆེམ་ཆེམ་དུ་འཚེར་བཞིན་མཆིས།

     “དངོས་གནས་ཨང་དང་པོ་ཐོབ་སྐབས་སེམས་པ་གཞི་ནས་ལྷོད་ལ་བབས་སོང”ཞེས་ཉེ་ལམ་ཤིན་ཅང་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་དུ་འཚོགས་པའི“རལ་གྲི་རྣོན་པོ་དང་འགན་འཁྲི”ཞེས་པའི་2025ལོའི་རྒྱལ་ཡོངས་ཀྱི་སྤྱི་བདེ་དམིགས་བསལ་ཉེན་རྟོག་པའི་འགྲན་སློང་འགྲན་བསྡུར་ཐོག་སྐྱེས་པའི་ལག་མདའི་ཚ་ཁ་འགྲན་བསྡུར་རྣམ་གྲངས་ཀྱི་ཨང་དང་པོ་ཐོབ་པའི་སྐོར་གླེང་སྐབས། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ཀྲའོ་དབྱང་གིས་སྐད་ཆ་ལྷོད་ལྷོད་ངང་བཤད་ཅིང་། གྲུབ་འབྲས་དེ་ལྟ་བུ་ཐོབ་པ་ནི་གངས་ལྗོངས་ས་མཐོར་ལོ་12རིང་གི་དམིགས་བསལ་ཉེན་རྟོག་པའི་འཚོ་བར་སྦྱོང་བརྡར་བྱས་པ་ཞིག་ཡིན་པ་མ་ཟད། ལོ་གཅིག་ནང་རྒྱལ་ཡོངས་ཀྱི་ཨང་37པ་ནས་ཨང་དང་པོའི་བར་གྱི་ཧ་ལས་པའི་འགྱུར་ལྡོག་ཅིག་ཀྱང་རེད།

     རྒྱལ་ཡོངས་ཀྱི་དམིགས་བསལ་ཉེན་རྟོག་རྩེ་གྲ་མཉམ་དུ་འཛོམས་པའི་འགྲན་བསྡུར་དྲག་པོ་དེ་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་དུ་བྱས་པ་དང་། ལོ་36ལ་སླེབས་པའི་ཀྲའོ་དབྱང་གིས་སྤྱིའི་གྲུབ་འབྲས་སྐར་ཆ་57.226གི་ཐོག་ནས་སྐྱེས་པའི་ལག་མདའི་ཚ་ཁ་འགྲན་བསྡུར་རྣམ་གྲངས་ཀྱི་རྒྱལ་ཡོངས་ཀྱི་ཨང་དང་པོ་བླངས་པ་རེད།

      ས་མཐོ་ས་ནས་ས་དམའ་སའི་བར“ཀླུང་དུག”ཕོག་སྲིད་པ་སྔ་སྣུར་དུ་འཕྲོད་ཆེད། ཀྲའོ་དབྱང་དང་རུ་མི་ཚོ་སྔ་ས་ནས་འགྲན་ཁུལ་དུ་བསྐྱོད་དེ་གྲ་སྒྲིག་བྱས། ཁོང་གིས། “ངས་ཚབ་བྱེད་པ་ནི་མི་སྒེར་ཙམ་མ་ཟད། བོད་ཀྱི་དམིགས་བསལ་ཉེན་རྟོག་པའི་ཆུ་ཚད་དེ་བས་ཀྱང་ཡིན་པས། ནུས་ཤུགས་ཡོད་རྒུས་གྲུབ་འབྲས་མཐོ་རུ་གཏོང་གི་ཡིན”ཞེས་བརྗོད།

     “འགྲན་རར་སླེབས་རྗེས། ངས་སེམས་ལྷོད་དུ་གཏོང་གང་ཐུབ་བྱས་པ་ཡིན། འགྲན་བསྡུར་དངོས་སུ་འགོ་ཚུགས་སྐབས་དངངས་འཚབ་གཏན་ནས་སྐྱེས་མ་བྱུང་། སེམས་ནང་ནམ་རྒྱུན་སྦྱོང་བརྡར་བྱེད་རིང་གི་གནད་འགག་དང་། ཞིབ་ཆ། གོ་རིམ་སོགས་འཁོར་གྱི་འདུག”ཅེས་མུ་མཐུད་བརྗོད།

     ཉིན་དེའི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་27ལ། ཀྲའོ་དབྱང་མདའ་མོ་གཞུ་ནས་བྲལ་བ་ལྟར་འགོ་འཛུགས་སར་བསྐྱོད། ཁོང་ཚ་ཁ་ཁུལ་དང་པོར་འབྱོར་རྗེས། སེམས་རྣལ་ལ་ཕབ་པ་དང་། མེ་མདའ་བཟུང་བ། བསྡིགས་ཁུང་སྤྲོད་པ་བཅས་བྱས་ཏེ་ཆེས་འགག་རྩ་ཡིན་པའི་མེ་མདའ་འབེན་ལ་བརྟན་པོའི་ངང་བརྒྱབ། དེ་རྗེས་ཚ་ཁ་ཁུལ་གཉིས་པ་དང་གསུམ་པར་ཁོང་གིས་ཇི་ཙམ་འགྲན་པ་དེ་ཙམ་གྱིས་ངར་ཤུགས་ཆེ་རུ་ཕྱིན་ནས་རྗེས་མཐུད་མེ་མདའ་འབེན་ལ་རེ་རེ་བཞིན་བརྒྱབ། ལྷག་པར་དུ་མདེལ་ཁུག་བརྗེ་བའི་མྱུར་ཚད་ནི་ཁོང་གིས་འགྲན་ཡ་ལས་རྣམ་པར་རྒྱལ་བའི་ལེགས་ཆ་ཞིག་ཏུ་གྱུར་ཡོད། ཚ་ཁ་རྒྱག་པ་དང་མེ་མདའ་བསྡུ་བ་བཅས་ཡོད་ཚད་ལེགས་སྒྲུབ་བྱས་རྗེས་འགོ་འཛུགས་སར་ལོག ཀྲའོ་དབྱང་གིས་དུས་ཚོད་རྩིས་ཆས་ལ་བལྟས་ནས་རང་ཉིད་ཀྱིས་སྤྱད་པའི་དུས་ཚོད་ནི་སྐར་ཆ་57.226ཡིན་པ་མཐོང་། “སྐབས་དེར་ད་ཐེངས་ཀྱི་གྲུབ་འབྲས་དེ་ཙམ་སྐྱོ་པོ་མིན་པས་ཨང་དང་པོ་ནས་ལྔ་པའི་བར་རམ་ཡང་ན་ཨང་དང་པོ་ནས་གསུམ་པའི་བར་ལེན་ཐུབ་ཀྱི་རེད་སྙམ་བྱུང”ཞེས་ཀྲའོ་དབྱང་གིས་བརྗོད།

     མཐའ་མའི་གྲུབ་འབྲས་ཁྱབ་བསྒྲགས་བྱས་རྗེས་ཨང་དང་པོ་རང་ཉིད་ཡིན་པ་ཤེས་རྗེས་ཁོང་ལ་བསམ་ཡུལ་ལས་འདས་པའི་ཚོར་སྣང་ཞིག་བྱུང་། “དོན་དངོས་ཐོག་སྐར་ཆ་57.226གི་གྲུབ་འབྲས་དེ་བསམ་ཡུལ་ལས་འདས་པ་ཞིག་མིན། གང་ལགས་ཤེ་ན། ནམ་རྒྱུན་གྱི་སྦྱོང་བརྡར་དེ་ལས་ཅུང་མགྱོགས་པ་ཡོད་པས་རེད། འོན་ཀྱང་ཨང་དང་པོ་ཐོབ་པ་དེ་ནི་དངོས་གནས་བསམ་ཡུལ་ལས་འདས་པ་ཞིག་རེད” “བསམ་ཡུལ་ལས་འདས་པའི”གཟི་བརྗིད་དེ་ནི་འདས་ཟིན་པའི་ལོ་གཅིག་ནང་འགན་འཁྲི་རྡོ་ལ་རི་མོ་བརྐོས་པ་ལྟར་སེམས་ལ་ངེས་པའི་འགྱུར་ལྡོག་ལས་བྱུང་བ་ཞིག་རེད།

     ན་ནིང་ཕམ་རྗེས། ཀྲའོ་དབྱང་གིས་རང་ཉིད་ཀྱི་འགྲན་བསྡུར་ཧྲིལ་པོའི་བརྙན་ལམ་ལ་ཡང་ཡང་བལྟས་ནས་མི་འདང་ས་གནད་སྨིན་ངང་བཙལ། ས་བབ་དེ་བས་མཐོ་བའི་གཞིས་རྩེའི་སྦྱོང་བརྡར་བྱེད་སར་ལོག་སྐབས་ཁོང་གིས་སྦྱོང་བརྡར་བྱེད་ཐེངས་ཚང་མ་དངོས་འཐབ་ལ་བརྩིས་ནས་བརྟན་བརླིང་རང་བཞིན་ཆེ་རུ་དང་འབེན་ལ་ཕོག་ཚད་མཐོ་རུ་བཏང་ཡོད། “ས་བབ་མཐོ་བའི་ས་ཁུལ་དུ་སྦྱོང་བརྡར་བྱས་ན་ཤུགས་ཚད་དང་ཕན་འབྲས་ལ་རང་བཞིན་གྱིས་ཚོད་འཛིན་ཐེབས་ཀྱི་ཡོད། གྲུབ་འབྲས་ཐོབ་དགོས་ན་ངེས་པར་དུ་དཀའ་ལས་དེ་བས་མང་བ་རྒྱག་དགོས”ཞེས་ཀྲའོ་དབྱང་གིས་དེའི་ནང་གི་ལས་སླ་པོ་མེད་པ་གསལ་པོ་ཤེས་ཀྱི་ཡོད། ཁོང་གིས་རིམ་ཁག་རྩ་འཛུགས་ཀྱིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་སྦྱོང་བརྡར་ལ་འགན་ལེན་ཏན་ཏིག་་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

     ཨང་37པ་ནས་རྒྱལ་ཡོངས་ཀྱི་ཨང་དང་པོ་བླངས་པའི་བར་ཀྲའོ་དབྱང་གི་འགྱུར་ལྡོག་ནི་མི་སྒེར་གྱི་བློ་བརྟན་འགྱུར་མེད་ངང་འབད་བརྩོན་བྱས་པའི་མཚོན་ཚུལ་ཞིག་རེད་ལ། བོད་ཀྱི་དམིགས་བསལ་ཉེན་རྟོག་པས་ས་བབ་མཐོ་བའི་ཁོར་ཡུག་འོག་རང་ཉིད་ལ་འགྲན་སློང་བྱེད་པ་དང་ཕུལ་དུ་བྱུང་བའི་སྙིང་སྟོབས་དོན་གཉེར་བྱེད་པའི་མཚོན་ཚུལ་ཞིག་དེ་བས་ཀྱང་རེད། གསེར་གྱི་རྟགས་མ་འདི་ནས་གངས་ལྗོངས་སྲུང་དམག་གི་ལྷག་བསམ་དང་གཟི་བརྗིད་ཀྱི་འོད་མདངས་ཆེམ་ཆེམ་དུ་འཚེར་བཞིན་མཆིས།