འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་14ཉིན།

༄༅།།འགྱིག་དམ་བསྐྱར་དུ་བེད་སྤྱད་ན་གཟུགས་པོར་གནོད་པ་ཆེ། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་13ཉིན། 14:04】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

བཏུང་བྱའི་འགྱིག་དམ་དང་གཏེར་ཆུའི་འགྱིག་དམ་བསྐྱར་ཟློས་ངང་བེད་སྤྱོད་མ་བྱས་ན་ལེགས།

    འགྱིག་གི་ཐོན་རྫས་སྟེང་དུ་ཟུར་གསུམ་མདའ་མགོའི་མཚོན་རྟགས་ཡོད་པ་དང་། ཟུར་གསུམ་ནང་གི་སྤོས་འགྱིག་ནི་1ནས་7བར་རིམ་པ་མི་འདྲ་བ་ཡིན་པ་དེའི་མཚོན་དོན་ནི་རྒྱུ་ཆའི་ཤིང་ཚིལ་གྱི་ཚད་གཞི་ཡིན། རིམ་པ་མི་འདྲ་བའི་སྤོས་འགྱིག་ཐོན་རྫས་ལ་དེའི་ཁྱད་ཆོས་དང་བཀོལ་སྤྱོད་ཀྱི་རྣམ་པ་མི་འདྲ་བ་ཡོད།

    ཚང་མས་རྒྱུན་དུ་མཐོང་བའི་བཏུང་བྱའི་འགྱིག་དམ་དང་། གཏེར་ཆུའི་འགྱིག་དམ། གཅིག་སྤྱོད་ཐུམ་སྒྲིལ་ཁུག་མ་སོགས་ནི་རྒྱུན་དུ་PETདང་པོའི་རྒྱུ་ཆ་སྟེ། འདུས་འདྲེས་གཏད་པུན་ཀ་སྐྱུར་གཉིས་ཁ་གཉིས་ཕྲུན་ཀྲི་ཡིན། རྒྱུ་ཆ་དེ་རིགས་ཡང་བ་དང་། དྲི་མ་མེད་པ། རྫས་འགྱུར་གཤིས་ནུས་བརྟན་པ། རླུང་ཚགས་རང་བཞིན་ཆེ་བ་བཅས་ཡིན་པས། ཐད་ཀར་ཟས་རིགས་ཀྱི་ཐུམ་སྒྲིལ་ལ་བཀོལ་ཆོག་པས་དེ་ནི་བཀོལ་སྤྱོད་ཆེས་རྒྱ་ཆེ་བའི་བཏུང་བྱའི་ཐུམ་སྒྲིལ་རྒྱུ་ཆ་ཞིག་ཡིན།

    ཁྲོམ་རའི་ཐོག་གི་PETསྤོས་འགྱིག་ཐོན་རྫས་ནི་རྒྱལ་ཁབ་ཀྱི་ཚད་གཞི་བརྩི་སྲུང་བྱས་ཚེ། ཉར་ཚགས་ཆ་རྐྱེན་དང་ཉར་ཚགས་དུས་འཁོར་དང་མཐུན་པའི་གནས་ཚུལ་འོག གནོད་ལྡན་དངོས་རྫས་གནས་སྤོ་བྱེད་ཚད་ཚང་མ་ཚད་ལྡན་གྱི་ཚད་ལས་དམའ་བ་ཡོད་པས་མིའི་ལུས་ཕུང་ལ་བདེ་ཐང་ཐད་ཀྱི་ཉེན་ཁ་བཟོ་མི་སྲིད། འོན་ཀྱང་གལ་ཏེ་བསྐྱར་ཟློས་ཀྱིས་སྤྱོད་པའམ་ཡང་ན་ནང་དུ་བླུགས་བྱའི་དངོས་པོ་བརྗེ་སྤོར་བྱས་པ། ཆ་རྐྱེན་མི་འཚམ་པའི་འོག་ཉར་ཚགས་བྱས་ན་མ་གཞི་བདེ་འཇགས་ཡིན་པའི་འགྱིག་དམ་བདེ་འཇགས་མིན་པར་འགྱུར་སྲིད།

■ ནང་དུ་བླུགས་བྱའི་དངོས་པོར་འགྱུར་བ་བཏང་ཚེ་བདེ་འཇགས་ཀྱི་ཉེན་ཁ་འབྱུང་སྲིད།

    བཏུང་བྱའི་འགྱིག་དམ་དང་། གཏེར་ཆུའི་འགྱིག་དམ་སོགས་ཇུས་འགོད་ཐོན་སྐྱེད་བྱེད་སྐབས་གཙོ་བོ་ཆུ་དང་། ཐཱན་སྐྱུར་བཏུང་བྱ། ཤིང་ཏོག་གི་ཁུ་བ་སོགས་གཤེར་གཟུགས་ལ་དམིགས་པ་ཡིན། གལ་ཏེ་དེར་གཤེར་གཟུགས་གཞན་དག་བླུགས་ན། གཤེར་གཟུགས་ཀྱི་ངོ་བོ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་དུག་ལྡན་དངོས་རྫས་ཕྱིར་གཏོང་བྱེད་སྲིད།

    དཔེར་ན། བཏུང་བྱའི་འགྱིག་དམ་ནང་སྐྱུར་ཁུ་བླུགས་ན། གཤེར་གཟུགས་ཀྱི་pHགྲངས་ཐང་ཇེ་དམའ་རུ་སོང་ནས་གནོད་ལྡན་དངོས་རྫས་ཀྱི་གནས་སྤོ་ཚད་ཇེ་མང་དུ་འགྲོ་སྲིད།

    ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། PETའགྱིག་དམ་ནང་སོ་སོར་ཁ་སྐྱུར་4%དང་། ཁ་ཕྲུན་10% ཁ་ཕྲུན་20%བཅས་བླུགས་སྐབས། ཁ་སྐྱུར་བླུགས་པའི་འགྱིག་དམ་ནང་གི་གནོད་ལྡན་དངོས་རྫས་ཐིའི་གནས་སྤོ་ཚད་དེ་རིགས་གཞན་གཉིས་ལས་མངོན་གསལ་གྱིས་མཐོ་ཡོད་པ་རེད།

■ དྲོད་ཚད་མཐོ་ན་བཏུང་བྱའི་འགྱིག་དམ་བདེ་འཇགས་མིན་པར་འགྱུར་སྲིད།

     PETཡིས་དྲོད་ཚད་མཐོན་པོ་མི་བཟོད་པས། 70℃ལས་བརྒལ་བའི་ཟས་རིགས་སམ་ཆུ་ཚ་པོ་བླུགས་ན་མི་འགྲིག གལ་ཏེ་ཟས་རིགས་ཚ་པོ་བླུགས་ན་དབྱིབས་འགྱུར་བ་དང་། དུས་མཚུངས་སུ་མིའི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་ཐེབས་པའི་གནོད་ལྡན་དངོས་རྫས་གནས་སྤོ་བྱེད་སྲིད།

    མི་ལ་ལས་བཏུང་བྱའི་འགྱིག་དམ་དང་གཏེར་ཆུའི་འགྱིག་དམ་དུ་བཟའ་སྣུམ་བླུགས་ནས་ཐབ་ཀའི་མཐའ་འཁོར་དུ་འཇོག་གི་ཡོད། དྲོད་ཚད་མཐོ་བའི་ཁོར་ཡུག་འོག་བཏུང་བྱའི་འགྱིག་དམ་ནང་གི་གནོད་ལྡན་དངོས་རྫས་གནས་སྤོ་དང་ཁྱབ་ཚད་ཇེ་མགྱོགས་སུ་སོང་ནས་བདེ་ཐང་གི་ཉེན་ཁ་འབྱུང་སྲིད།

■ བཏུང་བྱའི་འགྱིག་དམ་རྙིང་པར་གྱུར་ཚེ་བདེ་ཐང་ལ་ཉེན་ཁ་ཡོད་སྲིད།

     འགྱིག་དམ་འཐུང་ཆུ་དང་བཏུང་བྱ་ཚང་མར་སྤུས་ཚད་འགན་ལེན་གྱི་དུས་ཡུན་ཡོད། དེ་ནི་བཏང་བྱ་ཉར་ཚགས་བྱེད་པའི་མུ་མཐའ་ཡིན་པ་མ་ཟད། འགྱིག་དམ་རང་གི་སྤུས་ཚད་འགན་ལེན་གྱི་དུས་ཡུན་ཡང་ཡིན། རྒྱུ་མཚན་ནི་PETདེ་ཉིད་ཀྱང་དུས་ཡུན་རིང་པོར་བཀོལ་སྤྱོད་བྱས་ནས་རྙིང་པར་འགྱུར་འགྲོ་བས། གནོད་ལྡན་དངོས་རྫས་ཀྱི་གནས་སྤོ་ཚད་ཇེ་མང་དུ་འགྲོ་སྲིད།

མི་ལ་ལས་བཏུང་བྱའི་འགྱིག་དམ་ནང་དུ་འབྲས་དང་། ཁྲེ་རྒོད། སྲན་དམར། བྲོ་རྫས་སོགས་ཀྱི་ཟས་རིགས་བླུགས་ནས་ཟླ་དུ་མར་སྤྱོད་ཀྱི་ཡོད་པ་མ་ཟད། ཐ་ན་ལོ་འགའི་རིང་ཡང་བརྗེ་གི་མེད།

འགྱིག་གི་ཁྲོད་ནས་གནས་སྤོ་བྱུང་བའི་གནོད་ལྡན་དངོས་པོས་མིའི་ལུས་ཕུང་ལ་གནོད་པ་ཅི་ཙམ་ཐེབས་ཀྱི་ཡོད་དམ།

     བཏུང་བྱའི་འགྱིག་དམ་དང་གཏེར་ཆུའི་འགྱིག་དམ་སོགས་PETའགྱིག་དམ་བཀོལ་སྤྱོད་བྱེད་པའི་གོ་རིམ་ཁྲོད་དུ་གནས་སྤོ་བྱུང་བའི་གནོད་ལྡན་དངོས་རྫས་རྣམས་ཕལ་ཆེར་རིགས་གཉིས་སུ་དབྱེ་ཆོག་སྟེ།

■ བཟོ་སྐྲུན་གོ་རིམ་ཁྲོད་བཀོལ་བའི་ལྕགས་རིགས་འགྱུར་སྐུལ་རྫས་“ཐི”།

    ཐི་ལ་སྐྱེ་དངོས་ཀྱི་དུག་གཤིས་ལྡན་པས། སྐྱི་པགས་དང་འཇུ་ལམ་སོགས་བརྒྱུད་དེ་མིའི་ལུས་ཕུང་དུ་འཛུལ་ཏེ། སྐྱི་པགས་དང་སྙིང་། མཆིན་པ། མཁལ་མ་སོགས་ཀྱི་ཕུང་གྲུབ་བམ་དབང་བོ་ལ་གནོད་པ་ཐེབས་སྲིད།

སྦྱོར་ཚད་ཆུང་བའི་ཐི་ཡིས་མིའི་ལུས་ཕུང་ལ་ཤུགས་རྐྱེན་མངོན་གསལ་མེད་མོད། འོན་ཀྱང་དེར་གསོག་འཇོག་གི་ནུས་པ་ངེས་ཅན་ཞིག་ཡོད། དུས་ཡུན་རིང་བོར་དལ་གྱིས་བསྡུ་ལེན་བྱས་ན་མིའི་ལུས་ཕུང་གི་དབང་བོ་སོ་སོ་དང་མ་ལག་སོ་སོར་ཟློག་མི་རུང་བའི་གནོད་སྐྱོན་བཟོ་སྲིད།

■ སྐྱེ་ལྡན་དངོས་པོ་གཞན་པ།

     PETཡི་སྤྱོད་ཤན་ཆེ་བའི་རང་བཞིན་དང་དྲག་ཚད་སོགས་ཇེ་མཐོར་གཏོང་ཆེད། རྒྱུན་པར་བཟོ་སྐྲུན་བྱེད་པའི་གོ་རིམ་ཁྲོད་དུ་མཚེས་པུན་ཀ་གཉིས་སྐྱུར་ཀྲི་(PAEs)ཡིས་མཚོན་པའི་འགྱིག་འགྱུར་རྫས་བསྣན་ཡོད།

འགྱིག་འགྱུར་རྫས་འདིས་མིའི་ལུས་ཕུང་གི་ནང་གི་ཟགས་ཐོན་མ་ལག་ལ་བར་ཆད་བཟོ་བ་མ་ཟད། འབྲས་སྐྲན་བྱུང་བའི་ཉེན་ཁ་ཇེ་མཐོར་བཏང་སྟེ་བདེ་ཐང་གི་མངོན་མེད་ཉེན་ཁར་འགྱུར་སྲིད།