ཝུའུ་ཅ་ནན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་14ཉིན། 09:38】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཧོ་ནན་གྱི་བུ་མོ་ཞིག་ཡིན། ཆུང་དུས་ནས་ནུབ་རྒྱུད་ཀྱི་ཡངས་པའི་ས་གཞིར་འགྲོ་འདོད་ཀྱི་འདུན་པ་འགོག་མེད་དུ་འཆང་བཞིན་ཡོད། 2013ལོར་ང་རང་ཧྭ་པེ་གློག་ཤུགས་སློབ་ཆེན་གློག་རླངས་ལས་གྲྭ་དང་དེ་བཞིན་དེའི་རང་འགུལ་ཅན་གྱི་ཆེད་ལས་ནས་ཐོན་རྗེས“མེས་རྒྱལ་ལ་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་འགྲོ་བསམ་པའི”ཕུགས་བསམ་བཅངས་ནས་མཚོ་བོད་ས་མཐོར་ཡོང་སྟེ་གློག་ཤུགས་བྱ་གཞག་ལ་གཞོལ་བ་ཡིན།
མཚོ་སྔོན་དུ་སླེབས་རྗེས། ང་རང་གིས་བཅའ་སྲུང་བྱེད་སའི་ས་ཚིགས་དང་པོ་ནི་ས་བབ་སྨི་3700ལྷག་ཙམ་ཟིན་པའི་ཆན་ཧྥུའུ་330ཡི་ཡུལ་ཤུལ་གྱི་གློག་སྒྱུར་ས་ཚིགས་རེད། ཡུལ་ཤུལ་ནི་ས་བབ་མཐོ་བས་ལ་དུག་ཕོག་སླ་པོ་ཡོད། མ་གཞི་སྔ་ས་ནས་སེམས་ནང་གྲ་སྒྲིག་བྱས་ཟིན་ནའང་ལ་དུག་ཕོག་པས་བྲང་ཁོག་བསྡམས་པ་དང་མགོ་བོ་ན་སྟེ་རྐང་ཐང་མར་མགྱོགས་པོར་ཕྲན་ཙམ་ཕྱིན་ནའང་དབུགས་ཧལ་བ་དེས་ང་ལ་འཇིགས་སྣང་ཕྲན་བུ་སླེབས། འོན་ཀྱང་ཉེ་འགྲམ་གྱི་ལས་གནས་བརྟན་སྲུང་བྱེད་མཁན་ལས་རོགས་ཚོ་མཐོང་དུས་ངས་ཀྱང་གཞན་གྱིས་འཇོན་སར་ངས་མ་འཇོན་པ་མེད་ཅེས་རང་གིས་རང་ལ་སེམས་གསོ་བཏང་སྟེ་གོམ་པ་དལ་དུ་བཏང་བ་དང་དབུགས་འབྱིན་རྔུབ་དལ་དུ་བཏང་བ་མ་ཟད། ཁོམ་པ་ཡོད་དུས་གསོ་རླུང་རྔུབ་སྟེ་ལ་དུག་སེལ་ཐབས་བྱེད་ཀྱི་ཡོད། གཟུགས་པོ་ཅུང་བདེ་རུ་ཕྱིན་པས་ངས་རང་འགུལ་ངང་སྐོར་ཞིབ་བྱེད་ཐེངས་མང་དུ་བཏང་བ་ཡིན། དེ་ནི་སྒྲིག་ཆས་ལ་རྒྱུས་མངའ་ཡོང་བའི་ཆེད་དུ་མིན་པར་གཟུགས་པོ་ས་མཐོའི་ཁོར་ཡུག་དང་གང་མགྱོགས་འཕྲོད་པའི་ཆེད་དུ་ཡིན།
ལས་ཀར་ཞུགས་པའི་ཐོག་མའི་ལོ་གསུམ་རིང་། ངས་ཡུལ་ཤུལ་གློག་སྒྱུར་ས་ཚིགས་ཀྱི་ལོ་བཤེར་དང་། དབྱང་ལེ་གློག་སྒྱུར་ས་ཚིགས་ཀྱི་གློག་སྒྱུར་ས་ཚིགས་གཙོ་བོ་ཨང་3པ་བེད་སྤྱོད་སོགས་ཀྱི་ས་གནས་ས་ཐོག་གི་བྱེད་སྒོ་གལ་ཆེན་ལ་ཞུགས་པ་ཡིན་ལ། སྒྲིག་ཆས་ཉམས་བཟོ་བྱེད་པའི་དངོས་འཐབ་ཀྱི་ཚོད་བགམ་ལའང་ཐེངས་མང་ཞུགས་པ་ཡིན། རྩ་ཆེའི་ཉམས་མྱོང་དེ་དག་ནི་ང་རང་འཚར་ལོངས་དང་ཡར་རྒྱས་ཡོང་བའི་ཐེམ་སྐས་ལྟ་བུ་ཡིན་པར་ངོས་འཛིན་བཞིན་ཡོད།
2016ལོར་ལས་ཀའི་དགོས་མཁོའི་དབང་གིས་ངས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་ཆན་ཧྥུའུ་750ཡི་གློག་སྒྱུར་ས་ཚིགས་ཐོག་མ་སྟེ། མཐའ་ར་གློག་སྒྱུར་ས་ཚིགས་སུ་བསྐྱོད་ནས་ལས་རོགས་ཚོ་དང་མཉམ་དུ་བསྟུད་མར་ཉིན་བརྒྱ་ལྷག་ཙམ་དཀའ་སྤྱད་འབད་བརྩོན་བྱས་ཏེ་ཞིབ་བཤེར་རྩིས་ལེན་གྱི་འགག་སྒྲོལ་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱས་པ་ཡིན། ཕྱིས་སུ་ངས་ཆན་ཧྥུའུ་750ཟིན་པའི་ཟི་ལིང་གློག་སྒྱུར་ས་ཚིགས་ཀྱི་ཀྲན་ཀྲང་ལ་འདྲེན་རྩོད་བྱས་པས། ང་རང་མཚོ་སྔོན་གྱི་ཆན་ཧྥུའུ་750ཡི་གློག་སྒྱུར་ས་ཚིགས་10ཡི་ནང་ནས་ཀྲན་ཀྲང་ལོ་གཞོན་ཤོས་དེ་བྱེད་ཐུབ་བྱུང་ལ། ཀྲན་ཀྲང་བུ་མོ་འབའ་ཞིག་དེའང་ཡིན་པས། ང་ལ་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་2025ལོའི“ལས་བཟོ་ཡག་ཤོས”སོགས་ཀྱི་གཟི་བརྗིད་མཚན་སྙན་ཡང་རག་བྱུང་།
བགྲང་བྱ་བཅུ་གཉིས་རིང་། ངས་གློག་སྒྱུར་ས་ཚིགས་14ཡི་ཞིབ་བཤེར་རྩིས་ལེན་ལ་ཞུགས་པ་དང་། རང་གཅིག་པུས་སྐྱོན་ཆ་376ཤེས་རྟོགས་ཐུབ་པ། གློག་ཤུགས་འགན་ལེན་གྱི་ལས་འགན་ཐེངས་380ལེགས་གྲུབ་དང་སྒ་སྒྱུར་བཀོལ་སྤྱོད་ཐེངས་25789བྱས་པ་ཡིན། ད་ཆ་ཞིང་ཆེན་ཡོངས་ཀྱི་ཆེས་མཐོ་གནོན་གྱི་གློག་སྒྱུར་ས་ཚིགས་65ཡི་གཉེར་སྐྱོང་དང་ཉམས་བཟོ་དོ་དམ་གྱི་ཆེད་འགན་འཁུར་མཁན་ཞིག་ཡིན་པའི་ངོས་ནས། ངས་སློབ་སྦྱོང་ལ་ཤུགས་སྣོན་ཆད་མེད་བརྒྱབ་སྟེ། གློག་དྲ་དང་གློག་སྒྱུར་གྱི་གཉེར་སྐྱོང་ཉམས་བཟོ་དང་རང་འགུལ་ཅན་ཆེད་ལས་ཁྱབ་ཁོངས་ཀྱི་ཤེས་བྱ་ཞིབ་འཇུག་བྱེད་ཟབ་ཏུ་བཏང་ནས། གསར་གཏོད་ཀྱི་གྲུབ་འབྲས་ཞིབ་སྤེལ་དང་རིམ་སྤོར་དེ་བས་མང་བ་བྱས་ཏེ་གློག་དྲ་རིག་ནུས་ཅན་དང་གྲངས་འཛིན་ཅན་གྱི་འཕེལ་རྒྱས་ལ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན།
(རྩོམ་པ་པོ་ནི་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཆེས་མཐོ་གནོན་ཀུང་སིའི་གཉེར་སྐྱོང་ཉམས་བཟོ་དང་ཞིབ་བཟོ་པུའི་གློག་སྒྱུར་གཉེར་སྐྱོང་ཉམས་བཟོ་དང་དོ་དམ་གྱི་ཆེད་འགན་འཁུར་མཁན་ཡིན། དབྱི་ཧྲུའུ་རན་དང་ཞེ་ལི་རུང་གིས་བཅར་འདྲི་ཞུས་ནས་ལེགས་སྒྲིག་བྱས)