འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་14ཉིན།

༄༅།།རྒྱལ་ཡོངས་བོད་ལུགས་གསོ་རིག་གི་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་སྐབས་བཅུ་བཞི་པ་པེ་ཅིང་དུ་གཉེར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་14ཉིན། 09:40】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཡོངས་བོད་ལུགས་གསོ་རིག་གི་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་སྐབས་བཅུ་བཞི་པ་སློབ་འགོ་ཚུགས་པའི་མཛད་སྒོ་པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་དུ་འཚོགས་པ་རེད། སྐབས་འདིའི་ཟབ་སྦྱོང་འཛིན་གྲྭ་དེ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་ཞིབ་ལས་སྒོ་གཞུང་ལས་ཁང་དང་། བོད་ལུགས་གསོ་རིག་ཞིབ་འཇུག་སུའོ། པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་བཅས་ཀྱིས་མཉམ་དུ་གཉེར་འགན་ཁུར་ཞིང་། དེའི་དམིགས་ཡུལ་ནི་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣའི་ཆེད་ལས་ནུས་པ་སྔར་བས་ཆེ་རུ་བཏང་སྟེ། བོད་ལུགས་གསོ་རིག་རིག་གཞུང་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།

      སྐབས་འདིའི་ཟབ་སྦྱོང་འཛིན་གྲྭས“བོད་ལུགས་གསོ་རིག་གི་གསུང་རབ་དང་ནད་ཐོག་ཉམས་མྱོང”བརྗོད་དོན་གཙོ་བོར་བྱས་ཤིང་། བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན། པེ་ཅིང་སོགས་ནས་ཡོང་བའི་སློབ་མ་100ལྷག་ཙམ་དུས་ཡུན་ཉིན་བདུན་གྱི་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་ལ་ཞུགས་རྒྱུ་རེད། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ཀན་ཧྲི་གཞོན་པ་ལིའུ་ཝེ་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་ཞིབ་གཞུང་ལས་ཁང་གི་ཀྲུའུ་རེན་ཧུའུ་ཧྲའོ་ཅེ། པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་གི་ཡོན་ཀྲང་ཀའོ་ཝེ། བོད་ལུགས་གསོ་རིག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཧྥེང་ཤིན་སོགས་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་རེད།

      ཀའོ་ཝེ་ཡིས། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གསོ་བ་རིག་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་བོད་ལུགས་གསོ་རིག་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་རིགས་པའི་གཞུང་ལུགས་ཀྱི་མ་ལག་དམིགས་བསལ་ལྡན་ཡོད་པས། ཀྲུང་ཧྭའི་གསོ་བ་རིག་པའི་བང་མཛོད་ནང་གི་འོད་མདངས་བཀྲ་བའི་མཆོག་ནོར་ཞིག་ཡིན། རྒྱལ་ཡོངས་བོད་ལུགས་གསོ་རིག་གི་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་བསྟུད་མར་གཉེར་བ་དེས་བོད་ལུགས་གསོ་རིག་ལས་དོན་པར་ཆུ་ཚད་མཐོ་བའི་སློབ་སྦྱོང་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་ནས་ཤེས་བྱ་མཉམ་སྤྱོད་དང་ཉམས་མྱོང་སྤེལ་རེས་ལ་སྐུལ་འདེད་བཏང་བ་མ་ཟད། བོད་ལུགས་གསོ་རིག་གི་ཆེད་ལས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་དང་རིག་ཚན་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་སྟེ་བོད་ལུགས་གསོ་རིག་དུས་བསྟུན་འཕེལ་རྒྱས་ཡོང་བར་རམ་འདེགས་ཀྱང་བྱས་ཡོད་ཅེས་བརྗོད་པ་རེད།