འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་14ཉིན།

༄༅།།ཀྲུང་གོ་དང་སུའེ་ཙེར་གྱིས་ཕྱི་འབྲེལ་པུའུ་ཀྲང་རིམ་པའི་རེས་སྐོར་བཞི་པའི་འཐབ་ཇུས་གླེང་མོལ་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་14ཉིན། 09:42】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་སུའེ་ཙེར་གྱི་གྲོང་ཁྱེར་པེ་ལིན་ཙུའོ་ནཱ་ནས་ཟླ་10ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་སུའེ་ཙེར་གྱི་པེ་ལིན་ཙུའོ་ནཱ་རུ་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཁཱ་ཤིས་སི་དང་ཀྲུང་གོ་དང་སུའེ་ཙེར་གྱི་ཕྱི་འབྲེལ་པུའུ་ཀྲང་རིམ་པའི་རེས་སྐོར་བཞི་པའི་འཐབ་ཇུས་གླེང་མོལ་བྱས་པ་རེད།

      ཝང་དབྱི་ཡིས་བརྗོད་དོན། ད་ལོ་ནི་ཀྲུང་གོ་དང་སུའེ་ཙེར་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བ་དང་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི“གལ་ཆེའི་ལོ”ཞིག་རེད། རྒྱལ་ཁབ་གཉིས་པོས་མཐོ་རིམ་དབར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱས་པ་དང་། གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ། རང་མོས་ཚོང་དོན་གྲོས་མཐུན་གྱི་རིམ་སྤོར་གྲོས་མོལ་གོ་རིམ་ལྡན་པའི་ངང་སྤེལ་བ། ཕྱོགས་གཉིས་པོས་རང་དངུལ་བརྗེ་རེས་གྲོས་མཐུན་ལ་མུ་མཐུད་མིང་རྟགས་བཀོད་པ། རིག་གནས་དང་ཡུལ་སྐོར་ལོའི་བྱེད་སྒོ་གང་ལེགས་སྤེལ་བ་རེད། ཕྱོགས་གཉིས་པོས་བྱ་སྤྱོད་དངོས་ཀྱི་ཐོག་ནས“འདྲ་མཉམ་དང་། གསར་གཏོད། གཉིས་ཁེ”བཅས་ཀྱི་ཀྲུང་གོ་དང་སུའེ་ཙེར་གྱི་མཉམ་ལས་སྙིང་སྟོབས་ལག་ལེན་བསྟར་བར་གཡུར་ཟའི་གྲུབ་འབྲས་ཐོབ་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་སུ་ཕན་ཚུན་བརྩི་འཇོག་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག མཉམ་ལས་གཉིས་ཁེ་བཅས་ཀྱི་མིག་དཔེ་ཡང་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལོ་ངོ་75རིང་གི་ཀྲུང་གོ་དང་སུའེ་ཙེར་གྱི་སྤྱིར་བཏང་མིན་པའི་འབྲེལ་བའི་བརྒྱུད་རིམ་ལ་གཅེས་སྤྲས་དང་། སུའེ་ཙེར་ཕྱོགས་དང་དགེ་མཚན་ལྡན་པའི་ཉམས་མྱོང་དར་སྤེལ་གཏོང་བ། གླེང་མོལ་རྒྱུན་འཁྱོངས་བྱེད་པ། ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རྒྱལ་བབ་དང་སྤྱི་ཚོགས་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་དབར་ཞི་བདེ་མཉམ་གནས་དང་གཉིས་ཁེ་གཉིས་ཕན་ཡོང་བའི་དཔེ་མཚོན་འཛུགས་འདོད་ཡོད། སུའེ་ཙེར་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་བརྩི་སྲུང་བྱས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆབ་སྲིད་རྨང་གཞི་སྲུང་སྐྱོང་ཡག་པོ་བྱེད་པར་ཡིད་ཆེས་ཡོད།

     ཕྱོགས་གཉིས་པོས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་དང་། དངོས་སྒྲུབ་མཉམ་ལས། མི་ཆོས་རིག་གནས་སྤེལ་རེས། ཕྱོགས་མང་མཉམ་ལས་སོགས་ལ་དམིགས་ནས་འབྲེལ་གཏུག་གཏིང་ཟབ་བྱས་ཏེ་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཡོང་བར་བྱས་པ་རེད།

      ཕྱོགས་གཉིས་པོས་བརྗོད་དོན། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་མུ་མཐུད་བརྩི་འཇོག་བྱས་ནས། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་ཕྱོགས་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ལ་མཉམ་དུ་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན།

      ཕྱོགས་གཉིས་པོས་རང་མོས་ཚོང་དོན་གྲོས་མཐུན་གྱི་རིམ་སྤོར་གྲོས་མོལ་གྱི་འཕེལ་རིམ་མགྱོགས་སུ་བཏང་ནས། མི་ཐབས་རིག་ནུས་དང་། ལྗང་མདོག་འཕེལ་རྒྱས། གྲངས་འཛིན་དཔལ་འབྱོར། དངུལ་རྩ་དང་ཞབས་ཞུའི་ཚོང་དོན་སོགས་ཐད་གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་རྒྱུ་ཡིན་པ་རེད། ཀྲུང་གོ་ཕྱོགས་ཀྱིས་སུའེ་ཙེར་གྱི་ཁེ་ལས་དང་ཐོན་རྫས་ཀྲུང་གོར་ཁྲོམ་ར་གསར་འབྱེད་བྱེད་པར་ཡོང་རྒྱུའི་དགའ་བསུ་ཞུ་རྒྱུ་དང་། སུའེ་ཙེར་གྱི་གསར་གཏོད་ནུས་པ་དང་ཀྲུང་གོའི་གཞི་ཁྱོན་ཆེ་བའི་ཁྲོམ་ར་ཕན་ཚུན་ཟུང་འབྲེལ་བྱས་ཚེ། དགེ་མཚན་ལྡན་པའི་ནུས་པ་ཡག་པོ་ཞིག་ཐོན་ངེས་རེད་ལ། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ལ་སྒུལ་ཤུགས་དེ་བས་ཆེ་བ་འདོན་ཐུབ་ངེས་རེད།

      ཕྱོགས་གཉིས་པོས“ཀྲུང་གོ་དང་སུའེ་ཙེར་རིག་གནས་དང་ཡུལ་སྐོར་ལོའི”བྱེད་སྒོ་རབ་དང་རིམ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། མི་ཆོས་རིག་གནས་སྤེལ་རེས་དང་སློབ་གསོའི་མཉམ་ལས་ལ་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའེ་ཙེར་ལ་རྒྱལ་སྒྲོལ་འཐུས་མཆན་མི་དགོས་པའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ནས། ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བའི་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་ཡིན་པ་རེད།

     ཚོགས་འདུ་གྲོལ་རྗེས། ཕྱོགས་གཉིས་པོས 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་རེས་སྐོར་བཞི་པའི་ཕྱི་འབྲེལ་པུའུ་ཀྲང་རིམ་པའི་འཐབ་ཇུས་གླེང་མོལ་གྱི་ཐུན་མོང་ཡིག་ཆ》བཀྲམ་པ་རེད།