གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་14ཉིན། 09:42】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་11ཉིན། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་པེ་ཅིང་དུ་དམངས་ཁྲོད་ཕྱི་འབྲེལ་ལས་དོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཤིང་། དེའི་བརྗོད་དོན་གཙོ་བོ་ནི“‘སྦྲེལ་ཟམ་བཞི’བསྐྲུན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས”ཞེས་པ་དེ་རེད། ཀྲུང་དབྱང་ལས་ཁུངས་དང་། རྒྱལ་ཁབ་པུའུ་ཨུད། མང་ཚོགས་ཚོགས་པའི་རྩ་འཛུགས། མཐོ་སློབ། རིག་མཛོད། སྨྱན་སྦྱོར། ཁེ་ལས་སོགས་ཀྱི་འཐུས་མི་150ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
ན་ནིང་ཟླ་10ཚེས་11ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་སྤྱིའི་མཛའ་གྲོགས་ཚོགས་ཆེན་དང་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་བཙུགས་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པའི་ཕྱི་ཕྱོགས་སྐུ་མགྲོན་ལ་མཇལ་འཕྲད་གནང་སྐབས་གསུང་བཤད་གལ་ཆེན་གནང་ནས། “སྦྲེལ་ཟམ་བཞི”བསྐྲུན་པ་སོགས་ཀྱི་རྣམ་བཤད་གལ་ཆེན་བཏོན་གནང་བ་རེད། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུའི་དམིགས་ཡུལ་ནི། འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ནས། ལོ་གཅིག་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་ཕན་འབྲས་དང་། ཉམས་མྱོང་། བྱེད་ཐབས་བཅས་ལ་ཕྱོགས་སྡོམ་དང་སྤེལ་རེས་བྱས་ཏེ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་དམངས་ཁྲོད་ཕྱི་འབྲེལ་ལས་དོན་གྱི་གཙོ་གནད་དང་དཀའ་གནད་ལ་དམིགས་ནས། བགྲོ་གླེང་གཏིང་ཟབ་ཀྱིས་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གང་ལེགས་དང་དམངས་ཁྲོད་ཕྱི་འབྲེལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་བྱ་ཆེད་རེད།
ཚོགས་ཞུགས་ཕྱོགས་ཁག་གིས་ངོས་འཛིན་གཅིག་མཐུན་བྱས་དོན། དུས་བབ་གསར་པའི་འོག ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། འགན་འཁྲི་ཧུར་ཐག་ཁུར་བ་དང་རང་འགུལ་ངང་ལས་དོན་བསྒྲུབས་ནས། དམངས་ཁྲོད་ཕྱི་འབྲེལ་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དེ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་ཕྱི་འབྲེལ་གྱི་ཁྱོན་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས།