གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་14ཉིན། 09:43】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་གྱི་གསར་འགོད་པས།
གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཟླ་10ཚེས་13ཉིན་ནས་ཚེས་14ཉིན་བར་པེ་ཅིང་དུ་འཚོག་རྒྱུ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་ནས་གཙོ་དོན་གསུང་བཤད་གནང་རྒྱུ་རེད། ད་ཐེངས་ཀྱི་དབུ་ཚོགས་ཀྱི་དམིགས་ཡུལ་ནི། པེ་ཅིང་འཛམ་གླིང་བུད་མེད་ལྷན་ཚོགས་ཀྱི་དགོངས་དོན་བསྐྱར་དྲན་བྱས་ནས། ཕྱོགས་ཁག་གིས《པེ་ཅིང་གི་བསྒྲགས་གཏམ》དང《བྱ་སྤྱོད་རྩ་འཛིན》དོན་འཁྱོལ་གང་མགྱོགས་བྱེད་པར་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་གསར་པ་བསྣན་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་རེད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་རྒྱལ་སྤྱིའི་མི་སྣས་བརྗོད་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ལ་ཞུགས་ནས་གཙོ་དོན་གསུང་བཤད་གནང་རྒྱུ་ཡིན་པ་ལས། རྒྱལ་སྤྱིའི་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ཏེ། འཛམ་གླིང་གི་བུད་མེད་བྱ་གཞག་འཕེལ་རྒྱས་ཀྱི་ལམ་ཚད་རྡོ་རིང་གསར་པ་འཛུགས་པར་ཕན་ཐོགས་ཡོད།
“གོ་ལ་ཧྲིལ་པོའི་བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཁ་ཕྱོགས་སྟོན་རྒྱུ་ཡིན་པ”
ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་བུད་མེད་ཚོགས་ཆེན་ཐེངས་བཞི་པ་སྟེ། པེ་ཅིང་འཛམ་གླིང་བུད་མེད་ཚོགས་ཆེན་འཚོགས་ནས་ལོ་ངོ་30འཁོར་བའི་ལོ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མའི་གྲོས་འདོན་འོག ཀྲུང་གོས་ཐེངས་འདིའི་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་འཚོག་རྒྱུ་ཡིན་པར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། དུས་ཡུན་རིང་པོའི་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་གྲོས་འགོ་དང་དགོངས་ཚུལ་གལ་ཆེན་རབ་དང་རིམ་པ་བཏོན་གནང་བ་ལས། གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་གྱི་ཡོད།
གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ལ་ཞུགས་ཉེར་ཡོད་པའི་ཁུ་པ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཐེ་ལི་ཧྲ·ཨ་མཱ་ལེ་ལེ་ཡིས། 1995ལོར་འཚོགས་པའི་པེ་ཅིང་འཛམ་གླིང་བུད་མེད་ཚོགས་ཆེན་གྱི་གཞི་ཁྱོན་དེ་འདྲ་སྔར་བྱུང་མྱོང་མེད་པས། དེ་ནི་གོ་ལ་ཧྲིལ་པོའི་ཕོ་མོ་འདྲ་མཉམ་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ལམ་ཚད་ཀྱི་རྡོ་རིང་གལ་ཆེན་ཞིག་རེད། རྒྱལ་སྤྱིའི་དུས་བབ་ཉིན་རེ་བཞིན་རྙོག་འཛིང་ཆེ་རུ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དམིགས་ཚད་དང་ཉིན་རེ་བཞིན་ཐག་ཉེ་རུ་འགྲོ་བའི་རྒྱབ་ལྗོངས་འོག ཀྲུང་གོས་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་འཚོག་རྒྱུ་ཡིན་པར་དངོས་ཡོད་ཀྱི་དོན་སྙིང་དེ་བས་མངོན་གསལ་དོད་པོ་ལྡན་ཡོད་ཅེས་བརྗོད།
“བུད་མེད་ཀྱི་ཕྱོགས་ཡོངས་དང་། བསྟུན་མཁས་རང་བཞིན། རྒྱུན་མཐུད་འཕེལ་རྒྱས་བཅས་ལ་མཉམ་དུ་སྐུལ་འདེད་བཏང་བ”
ལོ་30ཡི་རིང་། ཀྲུང་གོས་པེ་ཅིང་འཛམ་གླིང་བུད་མེད་ཚོགས་ཆེན་གྱི་དགོངས་དོན་ལག་ལེན་ཧུར་ཐག་བསྟར་ཏེ། གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་ནང་ཞུགས་མཁན་དང་། སྐུལ་འདེད་པ། སྣེ་ཁྲིད་པ་བཅས་གལ་ཆེན་གྱི་འགན་ཁུར་ཞིང་། ཕྱོགས་ཁག་དང་མཉམ་དུ་བུད་མེད་ཁྱབ་ཁོངས་སུ་དངོས་སྒྲུབ་མཉམ་ལས་བྱས་ཏེ། གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་མདུན་ཕྱོགས་སུ་འཕེལ་རྒྱས་རྒྱུན་ཆད་མེད་པར་འགྲོ་བར་སྐུལ་འདེད་བཏང་ཡོད།
དབྱི་རག་རྒྱལ་དམངས་གྲོས་ཚོགས་ཕྱི་འབྲེལ་ཨུ་ལྷན་གྱི་འགན་འཁུར་བ་ཏི་ལང·ས་ལི་ཧོ་ཡིས། “ཀྲུང་གོས་གོ་ལ་ཧྲིལ་པོའི་བུད་མེད་ཀྱི་འཕེལ་རྒྱས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། ལྷག་པར་དུ་སློབ་གསོ་དང་། དབུལ་པོ་ཉུང་གཏོང་། བདེ་ཐང་། གྲངས་འཛིན་ཅན་སོགས་ཀྱི་ཁྱབ་ཁོངས་སུ་ཕྱོགས་མང་མཉམ་ལས་ཀྱི་རྣམ་གྲངས་རབ་དང་རིམ་པ་ལག་ལེན་བསྟར་ཏེ། བུད་མེད་ཀྱི་བདེ་རྩ་ཆེ་རུ་བཏང་བ་དང་། བུད་མེད་ལ་དཔལ་འབྱོར་དབང་ཆ་སྤྲོད་པར་ཤུགས་སྣོན་བརྒྱབ་པ། བུད་མེད་ཀྱི་རང་ངོས་རིན་ཐང་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་བཅས་ལས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་བུད་མེད་བྱ་གཞག་ཡར་རྒྱས་ལ་སྐུལ་འདེད་གཏོང་བར་གལ་ཆེའི་དཔྱད་གཞི་མཁོ་འདོན་བྱས་ཡོད”ཅེས་དང་། ཁོང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ལ་ཞུགས་ནས་གྲོས་འགོ་དང་དགོངས་ཚུལ་གསར་པ་འདོན་གནང་ངེས་ཡིན་པ་ལས། བུད་མེད་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་འགྲོ་བར་གོ་སྐབས་གསར་པ་ཐོབ་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད།
“བུད་མེད་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་མདུན་ལམ་ལ་མི་རྣམས་ཀྱིས་རེ་སྒུག་ཆེན་པོ་བྱེད་པ”
བུད་མེད་ཀྱི་བྱ་གཞག་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་བྱ་གཞག་རེད། ཀྲུང་གོས་ད་ཐེངས་ཀྱི་བུད་མེད་དབུ་ཚོགས་གོ་སྐབས་སུ་བཟུང་ནས། 《པེ་ཅིང་གི་བསྒྲགས་གཏམ》 དང《བྱ་སྤྱོད་རྩ་འཛིན》དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་བཅས་གང་མགྱོགས་དོན་འཁྱོལ་བྱས་ཏེ། ཕྱོགས་མང་རིང་ལུགས་ལག་བསྟར་བྱས་ནས་ཕྱོགས་ཁག་དང་མཉམ་དུ་བུད་མེད་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད།
ནི་ཁ་ར་ཀཱའི་ཙུང་ཐུང་ལས་ཤག་གསར་གཏོད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་མཐུན་སྦྱོར་བ་ཁཱ་སྨི་ལཱ·ཨོར་ཐེ་ཅ་ཡིས། “ཀྲུའུ་ཞི་ཞི་ཅིན་ཕིང་གིས་བུད་མེད་ལ་བཅིངས་འགྲོལ་དང་ཡར་ཐོན་བྱུང་མེད་ན། མིའི་རིགས་ལ་བཅིངས་འགྲོལ་དང་ཡར་ཐོན་ཡོང་མི་སྲིད་ཅེས་ནན་བཤད་གནང་ཡོད། དེ་ཐོག་ནས་དེང་གི་འཛམ་གླིང་དུ་བུད་མེད་བྱ་གཞག་ལ་དོན་སྙིང་གལ་ཆེན་ལྡན་པ་འཆད་འགྲེལ་གཏིང་ཟབ་གནང་ཡོད། རྒྱལ་ཁབ་ཁག་གིས《པེ་ཅིང་གི་བསྒྲགས་གཏམ》དང《བྱ་སྤྱོད་རྩ་འཛིན》གྱི་དགོངས་དོན་ལག་བསྟར་བྱེད་ཟབ་ཏུ་བཏང་ནས། བློ་གསར་དང་། གསར་གཏོད། ལས་གཏོད་སོགས་ཁྱབ་ཁོངས་སུ་བུད་མེད་ཀྱི་ནུས་པ་དེ་བས་ཆེན་པོ་འདོན་རྒྱུར་མཉམ་དུ་མཐུན་རྐྱེན་སྦྱར་ཏེ། དྲང་གཞག་དང་དྲང་བདེན་གྱི་བུད་མེད་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྲོམ་གཞི་མཉམ་དུ་འཛུགས་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད”ཅེས་བརྗོད་པ་རེད།