འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་15ཉིན།

ཀོང་ཏུང་དུ་སྒྲིག་སྲོལ་གསར་པ་བཏོན་གསལ་དུ།  

༄༅།།བཟའ་ཟླ་ཕན་ཚུན་མིང་འོག་གི་ཁང་ཁོངས་དང་རླངས་འཁོར་ཞིབ་བཤེར་བྱེད་རེས་བྱས་ཆོག  

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་14ཉིན། 15:34】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཟླ་10ཚེས་11ཉིན། ཀོང་ཏུང་ཞིང་ཆེན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་ཐོག་《ཀོང་ཏུང་ཞིང་ཆེན་གྱིས་<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་སྲུང་སྐོར་གྱི་བཅའ་ཁྲིམས་>ལག་བསྟར་བྱེད་ཐབས་》(དག་བཅོས་)(གཤམ་དུ་བསྡུས་མིང་ལ་《བྱ་ཐབས་》ཞེས་བརྗོད་རྒྱུ་)ལ་བརྡས་ཐག་བཅད་ཅིང་གྲོས་འཆམ་བྱུང་ནས་2026ལོའི་ཟླ་1ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

     《བྱ་ཐབས་》ཀྱི་དོན་ཚན་ཞེ་བརྒྱད་པའི་ནང་གཏན་འབེབས་བྱས་དོན། བཟའ་ཟླ་ཕྱོགས་གཅིག་གིས་ཐོབ་ཐང་ལག་ཁྱེར་དང་གཉེན་སྒྲིག་ལག་ཁྱེར་སོགས་བཟའ་ཟླ་དང་བཟའ་ཟླ་བར་གྱི་འབྲེལ་བ་ར་སྤྲོད་བྱེད་པའི་ནུས་ལྡན་གྱི་ལག་ཁྱེར་དུ་བྱས་ཏེ། ཁྲིམས་ལྟར་གཏན་འཇགས་རྒྱུ་ནོར་ཐོ་འགོད་དང་རླངས་འཁོར་དོ་དམ་སྡེ་ཚན་ལ་བཟའ་ཟླའི་མིང་འོག་གི་རྒྱུ་ནོར་གནས་ཚུལ་འདྲི་རྩད་བྱེད་རེ་ཞུས་ཚེ། འབྲེལ་ཡོད་སྡེ་ཚན་གྱིས་བདག་སྤྲོད་བྱེད་དགོས་པར་མ་ཟད། དེར་བསྟུན་ཡིག་ཐོག་གི་རྒྱུ་ཆ་མཁོ་འདོན་བྱེད་དགོས་ལུགས་འཁོད་ཡོད། འདིའི་ཐོག་ནས་སང་ལོ་ནས་བཟུང་ཀོང་ཏུང་ཞིང་ཆེན་ནང་ཁོངས་ཀྱི་བཟའ་ཟླས་འབྲེལ་ཡོད་ལག་ཁྱེར་འཁྱེར་ནས་ཕ་རོལ་པོའི་མིང་འོག་གི་ཁང་ཁོངས་དང་རླངས་འཁོར་སོགས་རྒྱུ་ནོར་འདྲི་རྩད་བྱས་ཆོག་པ་མཚོན་གྱི་ཡོད་པ་རེད། 

     གསར་འགོད་པར་དོ་སྣང་བྱུང་གསལ་དུ། 《བྱ་ཐབས་》ནང་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཁྲོད་བུད་མེད་ཀྱི་འབྲེལ་ཡོད་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་གཏན་འབེབས་ཞིབ་ཕྲ་བྱས་ཡོད་པ་རེད། དེའི་ནང་དོན་ཚན་ཞེ་གཉིས་པའི་གཏན་འབེབས་ལྟར་ན། བུད་མེད་ཀྱི་གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིའི་ཐོབ་ཐང་གཏན་འཁེལ་དང་། ས་ཞིང་འགན་གཙང་གཉེར་སྐྱོང་། ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཡོང་འབབ་བགོ་བཤའ་རྒྱག་པ། ས་ཞིང་བསྡུ་ལེན་ཁ་གསབ་བཀོད་སྒྲིག་གམ་ཡང་ན་བེད་སྤྱོད་ཁ་གསབ། དེ་བཞིན་ཁང་ས་བེད་སྤྱོད་སོགས་པའི་ཐད་བུད་མེད་ཀྱི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས། རྩ་འཛུགས་གང་ཞིག་དང་སྒེར་པ་སུ་ཞིག་གིས་ཀྱང་བུད་མེད་སློབ་གྲྭར་འགྲོ་བ་དང་། དམག་ཞབས་ཞུ་བ། ལས་ཀ་བྱེད་པ། ཚོང་གཉེར་བྱེད་པ། གཉེན་སྒྲིག་བྱེད་མིན། བཟའ་ཚང་ཁ་བྲལ་བ། བཟའ་ཟླ་འདས་པ། ཁྱིམ་དུ་སྐྱེས་པ་མེད་པ་སོགས་རྒྱུ་མཚན་དུ་བྱས་ཏེ་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཁྲོད་ཀྱི་བུད་མེད་ཀྱི་ཁེ་དབང་ཁག་ལ་གནོད་འཚེ་བཏང་མི་ཆོག 

     རྩ་འཛུགས་གང་ཞིག་དང་སྒེར་པ་སུ་གང་ཞིག་ཡིན་རུང་གཉེན་སྒྲིག་དང་བཟའ་ཚང་ཁ་བྲལ་བ། བཟའ་ཟླ་འདས་པ། ཁྱིམ་ཚང་དུ་སྐྱེས་པ་མེད་པ་སོགས་རྒྱུ་མཚན་དུ་བྱས་ནས་བུད་མེད་ལ་ཐེམ་ཐོ་སྤོ་རྒྱུར་ཐད་འགོག་རྐྱེན་བཟོ་བའམ་བཙན་ཤེད་བྱས་མི་ཆོག 

     བུད་མེད་ཀྱི་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཁེ་དབང་ལ་གནོད་འཚེ་ཕོག་སྐབས་རྒུད་སྐྱོབ་བྱེད་ཐབས་སྐོར་ལ། 《བྱ་ཐབས་》ཀྱི་དོན་ཚན་ང་བཞི་པའི་ནང་གཏན་འབེབས་བྱས་ཡོད་དེ། མི་སྤྱོད་མཁན་སྡེ་ཚན་གྱིས་བུད་མེད་ཀྱི་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཁེ་དབང་ལ་གནོད་འཚེ་བཏང་ཚེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་བཟོ་ཚོགས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་འབྲེལ་ཐོག་མི་སྤྱོད་མཁན་སྡེ་ཚན་དང་གྲོས་མོལ་བྱས་ཏེ། གླེང་མོལ་དང་། སྐད་ཆ་ཤོད་རྒྱུ། འཕྲིན་ཡིག་འདྲི་རྩད་སོགས་ཀྱི་བྱེད་ཐབས་སྤྱད་ནས་བརྟག་དཔྱད་དང་འདུམ་འགྲིག་བྱེད་པ་དང་། ཁྲིམས་ལྟར་ལྟ་སྐུལ་བྱེད་པ་དང་འབྲེལ་དུས་བཀག་ནང་ཡོ་བསྲང་བྱེད་དགོས་པའི་བླང་བྱ་བཏོན་ཏེ་འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་ཐག་གཅོད་བྱེད་པ། ཁ་ཆད་གླེང་མོལ་དང་ལེན་མི་བྱེད་པའམ་ཡང་ན་ཁ་ཆད་གླེང་མོལ་བྱས་རྗེས་ཡོ་བསྲང་མི་བྱེད་པའི་རིགས་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་རྒྱུ། ཞིབ་བཤེར་ཐག་གཅོད་བྱས་པའི་དཔེ་མཚོན་གྱི་གྱོད་དཔེ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱས་ཆོག