གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་14ཉིན། 15:37】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
སློབ་གསོ་པུའུ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་མཉམ་འབྲེལ་ཐོག་《སློབ་གྲྭའི་ཟ་ཁང་གི་ཟས་རྒྱུ་འབོར་ཆེན་ཉོ་སྒྲུབ་དང་ཞིབ་བཤེར་རྩིས་ལེན་དོ་དམ་ལས་དོན་གྱི་མཛུབ་ཁྲིད་》དཔར་འགྲེམས་བྱས་ཤིང་། དེ་ནི་རྒྱལ་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་ཟ་ཁང་གི་ཟས་རྒྱུ་འབོར་ཆེན་ཉོ་སྒྲུབ་དང་ཞིབ་བཤེར་རྩིས་ལེན་དོ་དམ་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་བ་དང་། སློབ་གྲྭའི་ཟས་རིགས་བདེ་འཇགས་ལམ་ལུགས་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ། སློབ་གྲྭའི་ཟས་རིགས་བདེ་འཇགས་འགན་སྲུང་ཆུ་ཚད་ཏན་ཏིག་ངང་མཐོ་རུ་གཏོང་རྒྱུར་དམིགས་པ་ཡིན།
ལས་ཀའི་མཛུབ་ཁྲིད་ནང་སློབ་གྲྭས་སློབ་གྲྭའི་བཟའ་བཅའ་ཨུ་ཡོན་ལྷན་ཁང་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་བཟའ་བཅའ་ལྟ་སྐུལ་ཁྱིམ་བདག་ཨུ་ཡོན་ལྷན་ཁང་ངམ་ཁྱིམ་བདག་ཨུ་ཡོན་ལྷན་ཁང་། དགེ་རྒན་དང་ལས་བཟོ་པའི་འཐུས་མི་ཚོགས་ཆེན་བཅས་ཀྱི་བསམ་འཆར་ཉན་པའི་རྨང་གཞིའི་ཐོག “གཙོ་གནད་གསུམ་དང་ཆེན་པོ་གཅིག་”གི་བླང་བྱ་གཞིར་བཟུང་། ཁྲིམས་ལྟར་འོས་འཚམ་གྱི་ཐོབ་ཐང་ཐོབ་པའི་མཁོ་འདོན་ཚོང་པས་ཐོན་སྐྱེད་དང་གཉེར་སྐྱོང་བྱས་པའི་ཟས་རྒྱུ་འབོར་ཆེན་ཉོ་སྒྲུབ་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད། སློབ་གྲྭའི་ཟ་ཁང་གི་ཟས་རྒྱུ་འབོར་ཆེན་མཁོ་འདོན་ཚོང་པར་ངེས་པར་དུ་ཁྲིམས་མཐུན་གྱི་གཉེར་སྐྱོང་ཐོབ་ཐང་ལྡན་དགོས་པ་དང་། ཐོན་རྫས་ཀྱི་སྤུས་ཚད་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་ཞིང་། དེ་མཚུངས་ཀྱི་མཁོ་སྤྲོད་ནུས་པ་ལྡན་པ། ཉེ་བའི་ལོ་གསུམ་ནང་ཟས་རིགས་བདེ་འཇགས་དོན་རྐྱེན་བྱུང་མེད་པའམ་ཡང་ན་ཟས་རིགས་བདེ་འཇགས་ཐད་ཀྱི་གླེང་ཕྱོགས་དོན་རྐྱེན་དངོས་སུ་བྱུང་མེད་པ། ཁྲིམས་འགལ་ཚབས་ཆེན་དང་ཡིད་རྟོན་མེད་པའི་མིང་ཐོའི་ནང་བཅུག་མེད་པ་བཅས་ཡིན་དགོས། སློབ་གྲྭས་སློབ་གྲྭའི་ཟས་རིགས་བདེ་འཇགས་སློབ་གཙོའི་འགན་འཁུར་ལམ་ལུགས་དོན་འཁྱོལ་བྱས་ཏེ་ཟས་རིགས་བདེ་འཇགས་ལས་དོན་དེ་སློབ་གྲྭའི་དོན་གྲོས་ཀྱི་ནང་དོན་གལ་ཆེན་ནང་བཅུག་ནས་སློབ་སྐབས་རེར་ཉུང་མཐར་ཡང་ཟ་ཁང་དུ་ཡུལ་དངོས་ཀྱི་གཞུང་དོན་ཚོགས་འདུ་ཐེངས་གཅིག་འཚོག་དགོས། སློབ་གྲྭ་འབྲིང་ཆུང་དང་བྱིས་གཉོར་ཁང་དུ་སློབ་གྲྭའི་འགན་འཁུར་མཁན་གྱིས་སློབ་མ་དང་མཉམ་དུ་ཟས་ཟ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། སློབ་གྲྭའི་ཟ་ཁང་གི་སྤྱི་ཕན་རང་བཞིན་དང་ཁེ་གཉེར་རང་བཞིན་མིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཟས་རྒྱུ་འབོར་ཆེན་གྱི་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།
ལས་ཀའི་མཛུབ་ཁྲིད་ནང་སློབ་གྲྭས་ཟས་རྒྱུ་འབོར་ཆེན་ཉོ་སྒྲུབ་བྱེད་པའི་ཐད་ཚོང་ཟོག་ཉོ་བར་ཞིབ་བཤེར་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་ཟས་རྒྱུའི་འབྱུང་ཁུངས་རྗེས་འདེད་ཐུབ་པ་དང་སྤུས་ཚད་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། “མི་གཉིས་སམ་མི་མང་པོས་མཉམ་འབྲེལ་ཞིབ་བཤེར་བྱེད་པའི་”ཞིབ་བཤེར་ལམ་ལུགས་བཙུགས་ནས། ཐུན་མོང་ཐོག་ཞིབ་བཤེར་རྩིས་ལེན་དང་ཡོངས་བསྒྲགས་ཁ་གསལ་ཡོང་བ་བྱེད་དགོས། མཛོད་འཇུག་ཞིབ་བཤེར་རྩིས་ལེན་ཚད་གཞི་ལོན་པའི་ཟས་རྒྱུ་འབོར་ཆེན་དེ་དུས་ཐོག་ཏུ་མཛོད་འཇུག་བྱེད་པ་དང་འབྲེལ་ཡོད་ཆ་འཕྲིན་ཐོ་འགོད་བྱེད་དགོས། གསོག་འཇོག་དོ་དམ་དེ་《བཟའ་བཏུང་ཞབས་ཞུའི་ཟས་རིགས་བདེ་འཇགས་བཀོལ་སྤྱོད་ཚད་གཞི་》དང་མཐུན་དགོས་པ་དང་། གསོག་འཇོག་བྱེད་ས་རླུང་རྒྱུག་ས་དང་བརླན་ཆ་མེད་ས་ཡིན་དགོས་ཤིང་། ནུས་ལྡན་གྱི་ནད་སྦྱོར་སྐྱེ་དངོས་སྔོན་འགོག་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད་པ། དུག་ལྡན་དང་གནོད་ལྡན་སོགས་སྦགས་བཙོག་འབྱུང་ཁུངས་གཞན་དག་དང་གཏན་འབེབས་ཀྱི་བར་ཐག་བཞག་ཡོད་པ་བཅས་ཡིན་དགོས།