གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་15ཉིན། 13:35】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། བཟོ་ལས་དང་ཆ་འཕྲིན་ཅན་པུས《2025ལོ་འཁོར་གྱི་འཁེལ་འཐག་གྱོན་གོས་ཁྱད་ལྡན་ཐོན་ལས་འདུ་འཛོམས་ཁུལ་གྱི་གཙོ་གནད་སྐྱེད་སྲིང་མིང་ཐོ(ཁག་དང་པོ)》ཡོངས་བསྒྲགས་བྱས་ཤིང་། ཟི་ལིང(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ནན་ཁྲོན་བཟོ་ལས་གླིང་བོད་རུམ་འཁེལ་འཐག་ཁྱད་ལྡན་ཐོན་ལས་འདུ་འཛོམས་ཁུལ་དེ་ཐོན་ལས་འཁོར་འབྲེལ་ཡོངས་ཀྱི་ལེགས་ཆ་དང་། གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ནུས། སྤུས་རྟགས་ཀྱི་ཤུགས་རྐྱེན་ནུས་པ་བཅས་ལ་བརྟེན་ནས་བདེ་བླག་ངང་མིང་གྲལ་དུ་ཚུད་དེ་མཚོ་སྔོན་ཞིང་ཆེན་ནས་ད་རེས་བདམས་པའི་འདུ་འཛོམས་ཁུལ་འབའ་ཞིག་ཏུ་གྱུར་ཡོད།
མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ལྟེ་བའི་གཞི་རྟེན་ཡིན་པའི་ཟི་ལིང་གསར་སྤེལ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ“ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་མཐོ་ས་གཏོད་པ”དམིགས་ཚད་དུ་བྱས་ཏེ། བོད་རུམ་ཐོན་ལས་སྐྱེད་སྲིང་བྱེད་པ་དང་སྦྲགས་སྐྱེ་དངོས་གསོ་རིག་ཐོན་ལས་ཚོ་འདུས་བདེ་བླག་ངང་བསྐྲུན་པ་མ་ཟད། འོད་ཤུགས་བཟོ་སྐྲུན་དང་ལིས་གློག་ནུས་གསོག་ཐོན་ལས་ཚོ་འདུས་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་སྟེ“གཙོ་གཅིག་སྣ་མང་དང་མཐུན་སྦྱོར་འཕེལ་རྒྱས”ཀྱི་ཐོན་ལས་བཀོད་པ་ཆགས་ཡོད།
བོད་རུམ་ཐོན་ལས་འཕེལ་རྒྱས་ཀྱི་ཐོག་མའི་དུས་སུ་ཟི་ལིང་གསར་སྤེལ་ཁུལ་གྱིས་གནད་སྨིན་ཚོང་འགུགས་བརྒྱུད་དུས་རིམ་དབྱེ་ནས་འཐུས་སྒོ་ཚང་བའི་ཐོན་ལས་འཁོར་འབྲེལ་བསྐྲུན་ཡོད། 2013ལོ་ནས་2015ལོའི་བར་ས་གདན་གྱི་རྒྱུ་སྤུན་ཆེད་མངགས་མཁོ་འདོན་དང་འཕྲུལ་འཐག་ས་གདན་ཐོན་སྐྱེད་ཁེ་ལས་གཙོ་གནད་དུ་ནང་འདྲེན་བྱས་ཏེ། “རྒྱུ་ཆ་དང་ཐོན་སྐྱེད”ཀྱི་རྨང་གཞིའི་ལྷུ་ཚིགས་ཉམས་ཞན་གྱི་གནད་དོན་ཐག་གཅོད་བྱས་ཤིང་། 2016ལོ་ནས་2024ལོའི་བར་གོང་འོག་གི་ཁེ་ལས་རྒྱུན་མཐུད་ནང་འདྲེན་བྱས་མཐར་རྒྱུ་ཆ་དང་ལས་སྣོན་ནས་ཐོན་རྫས་བར་གྱི་གདུབ་ཟུམ་ཆ་ཚང་གྲུབ་པ་དང་། ཐོན་ལས་འཁོར་འབྲེལ་རང་བརྟེན་ངང་ཚོད་འཛིན་ཐུབ་ཡོད། དེ་དང་ཆབས་ཅིག་ཟི་ལིང་གསར་སྤེལ་ཁུལ་གྱིས་ཁེ་ལས་སྒྲིག་འཛུགས་བྱས་ནས་རྒྱལ་སྤྱིའི་འགྲེམས་ཚོགས་སུ་ཞུགས་པ་དང་ཕྱི་རྒྱལ་གྱི་ཚོང་པ་དང་འབྲེལ་མཐུད་བྱས་པ་བརྒྱུད་ཚོ་འདུས་ཐོན་རྫས་དག་ཨོ་སི་ཁྲུ་ལི་ཡ་དང་། ནེའུ་ཙི་ལན། ཡོ་རོབ་དང་མེ་གླིང་། འཛམ་གླིང་དབུས་ཤར་སོགས་ཀྱི་ཁྲོམ་རར་བདེ་བླག་ངང་ཁྱབ་ནས་2024ལོའི་ཚོ་འདུས་ཀྱི་སྤྱི་ཡོངས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་1.4ཟིན་ཡོད། གཞན་ཡང་མཁོ་སྤྲོད་འཁོར་འབྲེལ་གྱི་འབྲེལ་མཐུད་ལས་སྟེགས་བསྐྲུན་པ་དང“བོད་རུམ་ཚོང་རར་ཁྱབ་པའི”བྱེད་སྒོ་སྒྲིག་འཛུགས་བྱས་པ་བརྒྱུད་ནང་ཁུལ་བྲིན་འཚོང་གི་ཐབས་ལམ་རྒྱ་སྐྱེད་ནུས་ལྡན་བཏང་ཡོད།
ཐོན་ལས་འཕེལ་རྒྱས་ཀྱི་དཀའ་གནད་ལ་དམིགས་ནས་ཟི་ལིང་གསར་སྤེལ་ཁུལ་གྱིས“གོམ་སྟབས་གསུམ”གྱི་འཕེལ་རྒྱས་ཐབས་ལམ་བཟོས་པ་སྟེ། 2025ལོའི་ལོ་མཇུག་བར་ཆེད་མངགས་ལས་དོན་ཚོགས་ཆུང་བཙུགས་ནས་ཁེ་ལས་ཀྱི་བུ་ལོན་སེལ་བ་དང་བེད་མེད་ཐོན་ཁུངས་ཕན་སྒྱུར་བྱས་ནས་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་ཡོང་བར་འགན་ལེན་བྱ་རྒྱུ་དང་། 2028ལོའི་ལོ་མཇུག་བར་ཧྲེང་ཡོན་དང་ཚྭ་འདམ་སོགས་ཀྱི་ཁེ་ལས་8ལ་གཙོ་གནད་ཐོག་རོགས་སྐྱོར་བྱས་ནས་གྲངས་འཛིན་ཅན་གྱི་སྒྱུར་བཀོད་བྱ་རྒྱུ་དང་འབྲེལ་གསར་གཏོད་ལས་སྟེགས་སྐྲུན་པ་དང་དྲ་ཚོང་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་། ཐོན་སྐྱེད་དང་ཕྱིར་ཚོང་གི་གྲངས་འབོར་དང་། བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར། ཕྱིར་གཏོང་བྱེད་ཚད་བཅས་བརྟན་པོའི་ངང་འཕར་བ་བྱ་རྒྱུ། 2030ལོར་སླེབས་སྐབས་བཟང་སྤེལ་ཞན་གསབ་ལ་དམིགས་ཏེ་གནད་སྨིན་ཚོང་འགུགས་དང་ལས་གཏོད་སྐྱོང་སྤེལ་བྱས་པ་བརྒྱུད། “ཉོ་སྒྲུབ་དང་། རྨེལ་གསེད། སྤུན་འཁེལ། འཐག་པ། ཕྱིར་འཚོང་བཅས”དང“ཞིབ་སྤེལ། རིག་གནས་ཡུལ་སྐོར། རིག་གནས། རིམ་སྤོར་བཅས་ཀྱི”སྣ་འདུས་ཐོན་ལས་འཁོར་འབྲེལ་འཛུགས་སྐྱོང་བྱས་ནས་ནུབ་བྱང་ས་ཁུལ་དུ་ཤུགས་རྐྱེན་ལྡན་པའི་བོད་རུམ་ཐོན་ལས་ཚོ་འདུས་གཏོད་རྒྱུ་རེད།