ཞིང་འབྲོག་པའི་ཡོང་འབབ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་15ཉིན། 13:36】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡི་ས་མཐོའི་འབྲི་གཡག་དང་བོད་ཀྱི་ཡུལ་ལུག་ཐོན་ལས་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། མཚོ་བྱང་ཀྲོའུ་ཡིས་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས། རྨང་གཞི་བརྟན་དུ་གཏོང་བ་དང་། སྣེ་འདྲེན་སྐུལ་ཁྲིད་བྱེད་པ། སྤུས་རྟགས་གཏོད་པ། ཚན་རྩལ་གྱི་འདེགས་སྐྱོར་བྱེད་པ། ཚོང་ལམ་རྒྱ་ཆེར་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། ཞིང་འབྲོག་ལས་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་དང་ཕྱིར་གཏོང་རྟེན་གཞི་གལ་ཆེན་ཞིག་ཏུ་གྲུབ་འབྲས་ཐོབ་པའི་ངང་བཏོད་པས་ཞིང་འབྲོག་པའི་ཡོང་འབབ་ཀྱི་ཆུ་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།
མཚོ་བྱང་ཀྲོའུ་རུ་སྤྱོད་ཆོག་པའི་རང་བྱུང་རྩྭ་ཐང་མུའུ་ཁྲི་4068(སྤྱི་ཆིང་ཁྲི་271.2)ཡོད་པ་དང་ལག་ཡོད་ཕྱུགས་རིགས་སྣ་ཚོགས་ཁྲི་376ཡོད། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་ཆེད། ཡུལ་ལུག་དང་། འབྲི་གཡག ནས། པད་ཁ། གཟན་རྩྭ་བཅས“ཐོན་ལས་ཆེན་པོ་ལྔ”དར་རྒྱས་གཏོང་བའི་འཆར་གཞི་ལག་ལེན་བསྟར་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ། གཟན་རྩྭ་ལས་སྣོན་དང་། ཕྱུགས་རིགས་ཉོ་ཚོང་། བཤས་གཏོང་ལས་སྣོན་བཅས“གཅིག་རེ་དགུའི”ལེ་ལག་ཚང་བའི་ལས་གྲྭ་བསྐྲུན་པར། ཞིང་འབྲོག་ལས་སྒྲིག་བཀོད་ཅན་གྱི་བསྡུར་གྲངས་99%ཡན་ཟིན་པ་དང་འབྲོག་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་90%ལྷག་ཙམ་ཟིན་ཡོད་པ་རེད།
སྣེ་འདྲེན་ཁེ་ལས་ཀྱི་སྐུལ་ཁྲིད་ཐད། མཚོ་བྱང་ཀྲོའུ་ཡིས་ཞིང་འབྲོག་ལས་ཆེད་ལས་མཉམ་ལས་ཁང་322དང་། ཁྱིམ་ཚང་ཞིང་འབྲོག་ར་403 ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་45བཅས་བཙུགས་པ་དང་འབྲོག་ལས་ཐོན་རྫས་ལས་སྣོན་གཞན་སྒྱུར་བྱེད་ཚད་65%ཟིན་ཡོད། 2024ལོར་འབྲོག་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་28.4ཟིན་པ་དང་ཞིང་འབྲོག་ཁུལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་20101ཟིན་ཡོད་པ་རེད།
སྤུས་རྟགས་བཏོད་པའི་ཕན་འབྲས་མངོན་གསལ་དོད་ཅིང་། མཚོ་བྱང་ཀྲོའུ་ཡིས“མདོ་ལའི་འདབས་ཀྱི་འབྲོག་རའི”ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་བཏོད་པ་དང་། རང་བྱུང་རྩྭ་ཐང་མུའུ་ཁྲི་2586(སྤྱི་ཆིང་ཁྲི་172.4)དང་ཡུལ་ལུག་དང་འབྲི་གཡག་ཁྲི་213ལ་ལྗང་མདོག་སྐྱེ་ལྡན་གྱི་བདེན་དཔང་ར་སྤྲོད་བྱུང་ཡོད། “མདོ་ལའི་ཡུལ་ལུག”དང“འཇུ་ལག་གི་པད་ཁ”ཀྲུང་གོའི་ཞིང་ལས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ནང་བཅུག་པ་དང་། ཤ་རིགས་སྣ་ཁ་6ལ་ཤང་ཀང་གི་སྤུས་ལེགས་བདེན་དཔང་ར་སྤྲོད་ཐོབ་ནས་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་ཆེ་རུ་ཕྱིན་ཡོད་པ་རེད།
ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་ཞིང་། མཚོ་བྱང་ཀྲོའུ་རུ་འབྲི་གཡག་དང་ཡུལ་ལུག་གི་རྒྱུད་པ་གསོ་སྤེལ་རྟེན་གཞི་9བསྐྲུན་པ་དང་རིགས་གཅིག་མཁས་ཅན་གྱི་ལས་དོན་ས་ཚིགས་དང་ཇུས་འདོན་ཚོགས་པ་བཙུགས་ཏེ། ཚན་རིག་ཞིབ་འཇུག་ཁང་18དང་མཉམ་ལས་བྱས་པ་དང་གྲུབ་འབྲས་ཁག་22ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཚན་རྩལ་བྱ་དགའ་ཐོབ་ཡོད། “མདོ་ལའི་ལུག”རྒྱལ་ཁབ་ཀྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་མིང་གཞུང་ནང་བཅུག་པ་དང་ཡུལ་ལུག་གི་སྦྲུམ་ཐེངས་མང་བའི་རྒྱུད་སྤེལ་ཆུ་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།