གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་15ཉིན། 13:42】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲི་ཡོན་ཧའོ།
ཉེ་ཆར། ཝུ་ར་ཀུའེ་ཡི་མ་འཇོག་ཕྱིར་གཏོང་སྐུལ་འདེད་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པར། ད་ལོའི་ཟླ་བ་བདུན་པའི་བར། རྒྱལ་ཁབ་དེའི་ཚོང་ཟོག་ཕྱིར་གཏོང་དངུལ་འབོར་ཨ་སྒོར་དུང་ཕྱུར་76.68ཟིན་པ་དེ་དུས་མཚུངས་ལས་5.4%འཕར་ཡོད། གྲངས་གཞི་ལས་མངོན་པར། 2024ལོར་རྒྱལ་ཁབ་དེའི་ཚོང་ཟོག་ཕྱིར་གཏོང་དངུལ་འབོར་ཨ་སྒོར་དུང་ཕྱུར་128.45ཟིན་པ་དེ་དུས་མཚུངས་ལས་13%འཕར་ཡོད། ཉེ་བའི་ལོ་ཤས་རིང་། ཝུ་ར་ཀུའེ་ཡིས་སྲོལ་རྒྱུན་ཚོང་ཟོག་ཕྱིར་གཏོང་བྱེད་ཚད་བརྟན་དུ་གཏོང་བ་དང་ཆབས་ཅིག ཕྱིར་གཏོང་སྣ་མང་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཕྱིར་གཏོང་འཕར་བར་འདེགས་སྐྱོར་བྱས་ཡོད་པ་རེད།
ཝུ་ར་ཀུའེ་ཡིས་ཤ་རིགས་སོགས་སྲོལ་རྒྱུན་ཚོང་ཟོག་ཕྱིར་གཏོང་བྱེད་ཚད་རྒྱུན་མཐུད་བརྟན་དུ་བཏང་ཞིང་། ཝུ་ར་ཀུའེ་རྒྱལ་ཁབ་ཤ་རིགས་མཐུན་ཚོགས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོའི་ལོ་སྟོད་དུ་རྒྱལ་ཁབ་དེའི་ཤ་རིགས་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་15ཙམ་ཟིན་པ་དེ་དུས་མཚུངས་ལས་20%ཙམ་འཕར་ཡོད། གལ་ཏེ་ཕྱིར་གཏོང་བྱེད་ཚད་མུ་མཐུད་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཚེ་ད་ལོའི་ལོ་མཇུག་ཏུ་ཟིན་ཐོ་གསར་པ་གཏོད་རྒྱུ་རེད། དེའི་ནང་ཚགས་ཤ་ནི་ཕྱིར་གཏོང་དངོས་ཟོག་གཙོ་བོ་ཡིན་པ་དང་། ལོ་སྟོད་དུ་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་12.155ཟིན་པ་དེ་དུས་མཚུངས་ལས་22.5%འཕར་ཡོད་པ་རེད།
ལོ་མང་བསྟུད་མར། ཝུ་ར་ཀུའེ་ཡི་ཕྱིར་གཏོང་ཁྲོམ་ར་ཆེ་ཤོས་ཡིན་པའི་ཀྲུང་གོས་ཕྱོགས་གཉིས་པོའི་ཚོང་དོན་མཉམ་ལས་ལ་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་བཞིན་ཡོད། གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་ཟླ་བ་བདུན་པར། ཝུ་ར་ཀུའེ་ཡིས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་3.45ཟིན་པ་དེས་རྒྱལ་ཁབ་དེའི་ཟླ་བ་དེའི་ཕྱིར་གཏོང་བསྡོམས་འབོར་གྱི་30%བཟུང་ཡོད། སྲན་ཆེན་དང་། ཤོག་བུའི་འབྱར་རྩི། ཚགས་ཤ་སོགས་ཀྲུང་གོར་ཕྱིར་གཏོང་བྱེད་པའི་སྲོལ་རྒྱུན་ཚོང་ཟོག་ཕུད། ཝུ་ར་ཀུའེ་ཡི་ཚོང་ཟོག་སྣ་ཁ་དེ་བས་མང་བ་ཡང་ཀྲུང་གོའི་ཁྲོམ་རར་བཏོན་ཡོད། 2024ལོར་ཀྲུང་གོ་འདི་ཉིད་ཝུ་ར་ཀུའེ་ཡི་བལ་ཉོ་མཁན་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ནས་བལ་ཕྱིར་གཏོང་གྲངས་འབོར་གྱི་43%བཟུང་ཡོད། ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར། ཀྲུང་གོས་ནང་འདྲེན་བྱས་པའི་ཝུ་ར་ཀུའེ་ཡི་དཀར་ཆུའི་ཐོན་རྫས་ཀྱི་གྲངས་འབོར་དུས་མཚུངས་ལས་8.9%འཕར་བ་དང་། ཝུ་ར་ཀུའེ་ཡི་སྨྱན་སྦྱོར་གྱིས་དེ་ནི་རྒྱལ་ཁབ་དེའི་དཀར་ཆུའི་ཐོན་རྫས་ལས་རིགས་འཕར་བའི་བཀྲག་མདངས་འཚེར་ས་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ད་ལོའི་ཟླ་བ་ལྔ་པར། ཝུ་ར་ཀུའེ་ཡི་འབྲོག་ལས་དང་། ཞིང་ལས། ཉ་ལས་བཅས་པུའུ་ཡི་པུའུ་ཀྲང་ཨར་ཧྥུ་ལེ་ཏུའོ·ཧྥུ་ལ་ཏི་ཡིས་ཚོགས་པའི་སྣེ་ཁྲིད་དེ་ཀྲུང་གོར་འཚམས་འདྲི་བྱས་པ་དང་། ཕྱོགས་གཉིས་པོས་ཚོང་ཟོག་འཇུག་འཐུས་དང་ཞིང་ལས་མཉམ་ལས་སོགས་ཐད་གྲོས་མཐུན་མང་པོ་བཞག་ནས་ཀྲུང་གོར་ཕྱིར་གཏོང་བྱེད་པའི་ཝུ་ར་ཀུའེ་ཡི་ཚོང་ཟོག་གི་ཁྱབ་རྒྱ་ཆེ་རུ་བཏང་ཡོད་པ་རེད།