གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་15ཉིན། 13:44】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏ་པན་ནས་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་གྱི་དགོང་མོར། འཛམ་གླིང་འགྲེམས་ཚོགས་ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག ཏ་པན་འཛམ་གླིང་འགྲེམས་ཚོགས་ཀྱི་ཀྲུང་གོའི་འགྲེམས་ཁང་ལ་རྒྱལ་སྤྱིའི་འགྲེམས་སྟོན་ཅུས་ཀྱིས་སྤྲད་པའི་འཛམ་གླིང་འགྲེམས་ཚོགས་ཀྱི་རང་སྐྲུན་ཁང་ཆེ་གྲས་ཀྱི་འགྲེམས་སྟོན་རིགས་ཀྱི་གསེར་གྱི་བྱ་དགའ་ཐོབ་ཅིང་། དེ་ནི་ཀྲུང་གོས་ཕྱི་རྒྱལ་དུ་ཕྱོགས་བསྡུས་རིགས་ཀྱི་འཛམ་གླིང་འགྲེམས་ཚོགས་ནང་ཞུགས་པར་གསེར་གྱི་བྱ་དགའ་ཐོབ་ཐེངས་དང་པོ་རེད་ལ། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་1982ལོར་ཀྲུང་གོ་སྲིད་གཞུང་གི་ཚབ་བྱས་ཏེ། ཀྲུང་གོའི་འགྲེམས་ཁང་སྒྲིག་འཛུགས་ཀྱིས་ཕྱི་རྒྱལ་གྱི་འཛམ་གླིང་འགྲེམས་ཚོགས་ནང་ཞུགས་ཚུན། འཛམ་གླིང་འགྲེམས་ཚོགས་ཀྱི་བྱ་དགའ་གལ་ཆེན་བསྟུད་མར་ཐོབ་ཐེངས་ལྔ་པ་ཡང་རེད།
སྐབས་འདིའི་འཛམ་གླིང་འགྲེམས་ཚོགས་ཐོག་སྤྲད་པའི་བྱ་དགའི་རྣམ་གྲངས་ནི་འཛམ་གླིང་འགྲེམས་ཚོགས་ཀྱི་གཙོ་གཉེར་ཕྱོགས་དང་། དེ་བཞིན་འཛུགས་སྐྲུན་དང་། འགྲེམས་སྟོན། སྒྱུ་རྩལ་སོགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་རིགས་གཅིག་མཁས་ཅན་9ཡིས་མཉམ་དུ་ཞིབ་དཔྱད་བྱས་པ་ཞིག་ཡིན་ཞིང་། འགྲེམས་སྟོན་དང་། འཛུགས་སྐྲུན། བརྗོད་དོན་གཙོ་བོ་མཚོན་སྟངས་བཅས་རིགས་གསུམ་གཞིར་བཟུང་བ་མ་ཟད། འགྲེམས་ཁང་གི་རྒྱ་ཁྱོན་ཆེ་ཆུང་སོགས་ལ་གཞིགས་ཏེ་བཀོད་སྒྲིག་བྱས་པའི་བྱ་དགའ་ཞིག་ཀྱང་རེད།
རྒྱལ་སྤྱིའི་འགྲེམས་སྟོན་ཅུས་ཀྱི་དྲུང་ཆེ་ཁེར་ཁེན་ཙེ་སི་ཡིས། ཀྲུང་གོའི་འགྲེམས་ཁང་གིས་འཛམ་གླིང་འགྲེམས་ཚོགས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། ལྟ་སྐོར་བར་ཀྲུང་གོའི་ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་དང་རིག་གནས་མྱོང་ཚོར་ཐུབ་པར་བྱས་པ་མ་ཟད། ཀྲུང་གོས་འབྱུང་འགྱུར་སྤྱི་ཚོགས་ལ་མཁོ་འདོན་བྱས་པའི་འཕེལ་རྒྱས་ཀྱི་ཇུས་གཞི་བཟང་པོ་དང་འགན་འཁྲི་ཁུར་སེམས་དེ་བས་མངོན་ཡོད་ཅེས་གདེང་འཇོག་བྱས་པ་རེད།