འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་15ཉིན།

༄༅།།ཀྲུང་གོའི་ཡུལ་སྐོར་བར་བཙན་གྱིས་ཅ་ལག་ཉོ་རུ་བཅུག་པའི་ཐད་ལ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་15ཉིན། 13:47】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་10ཚེས་14ཉིན། ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཀྲུང་གོའི་ཡུལ་སྐོར་བ་ཐེ་ལན་དུ་ཡུལ་སྐོར་བྱེད་དུས་ཡུལ་སྐོར་སྣེ་ཤན་པ་དང་འབྲེལ་བའི་དོན་དག་སྐོར་གྱི་དྲན་སྐུལ་ཁྱབ་བསྒྲགས་བྱས་པ་སྟེ།

    ཉེ་ཆར། དྲ་ཐོག་ཏུ་ཀྲུང་གོའི་ཡུལ་སྐོར་བ་ཐེ་ལན་དུ་ཡུལ་སྐོར་བྱེད་སྐབས་བཙན་གྱིས་དངོས་ཟོག་ཉོ་རུ་འཇུག་པའི་བརྙན་དུམ་བུ་ཞིག་ཁྱབ་ཡོད། ངེད་གཞུང་ཚབ་ཁང་གིས་དོན་དེར་ཚད་མཐོའི་མཐོང་ཆེན་བྱས་ནས། ཐེ་ལན་ཡུལ་སྐོར་ཉེན་རྟོག་ཅུས་དང་ཡུལ་སྐོར་ཅུས་ལ་འབྲེལ་ཡོད་གནས་ཚུལ་ཞིབ་དཔྱད་དང་ཤེས་རྟོགས་བྱེད་ཀྱི་ཡོད། ཐེ་ལན་ཕྱོགས་ཀྱིས་ཞིབ་དཔྱད་བྱས་པར་གཞིགས་ན། ཡུལ་སྐོར་སྣེ་ཤན་པ་དེས་ཀྲུང་གོའི་ལམ་ཡིག་བཟུང་ཡོད་པས་ཐེ་ལན་དུ་ཡུལ་སྐོར་སྣེ་ཤན་བྱེད་པའི་ཐོབ་ཐང་མེད། དེས་ཡུལ་སྐོར་བ་རྣམས་ལ་བཙན་ཤེད་ཀྱིས་དངོས་པོ་ཉོ་རུ་འཇུག་པ་དང་འབྲེལ་ཡུལ་སྐོར་བ་རྣམས་ཀྱི་འཛད་སྤྱོད་བརྒྱུད་ནས་འཐེན་ཆ་ཐོབ་རྒྱུའི་རེ་ངན་བཅངས་ཡོད། ཐེ་ལན་ཕྱོགས་ཀྱིས་དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཡུལ་སྐོར་ལས་དོན་ཁང་ལ་བརྟག་དཔྱད་དང་འགན་འཁྲི་བདའ་འདེད་བྱས་ཡོད།

    ཐེ་ལན་དུ་བཅའ་སྡོད་གཞུང་ཚབ་ཆེ་མོ་ཁང་གིས་ཐེ་ལན་དུ་ཡོང་བའི་རྒྱ་ཆེའི་ཡུལ་སྐོར་བར་“རིན་གོང་དམའ་བའི་ཡུལ་སྐོར་”ལ་གཏན་ནས་ཡིད་ཆེས་མི་བྱེད་པ་དང་། ཚོགས་ཞུགས་ཡུལ་སྐོར་བྱེད་པར་ཕྱི་རྒྱལ་དུ་ཡུལ་སྐོར་བྱེད་པའི་གཉེར་སྐྱོང་ཐོབ་ཐང་ལྡན་པ་དང་མཚན་སྙན་བཟང་བའི་ཚད་ལྡན་ཡུལ་སྐོར་ལས་དོན་ཁང་དང་འདེམ་པ། སྤུས་ཚད་དང་རིན་གོང་འོས་མཐུན་ཡིན་པའི་ཡུལ་སྐོར་ཐོན་རྫས་བདམས་ནས་གན་རྒྱ་ཚད་ལྡན་ངང་འཇོག་དགོས་པའི་དྲན་སྐུལ་སླར་ཡང་བྱས་པ་རེད། ཐེ་ལན་གྱི་འབྲེལ་ཡོད་བཅའ་ཁྲིམས་གཞིར་བཟུང་། ཕྱི་རྒྱལ་གྱི་སྤྱི་དམངས་ཀྱིས་ཐེ་ལན་དུ་ཡུལ་སྐོར་སྣེ་ཤན་པའི་ལས་རིགས་གཉེར་མི་ཆོག གལ་ཏེ་རྩོད་གཞི་དང་འཕྲད་ཚེ་དཔྱོད་ཤེས་ཀྱིས་ཁེ་དབང་སྲུང་སྐྱོང་དང་དཔང་རྟགས་སོར་འཇོག་བྱེད་དགོས་པ་མ་ཟད། དུས་ཐོག་ཏུ་ཐེ་ལན་ཡུལ་སྐོར་ཉེན་རྟོག་པའི་ཐད་སྦྲེལ་ཁ་པར་1155སམ་གཞུང་ཚབ་ཁང་གི་གཞུང་ཚབ་སྲུང་སྐྱོབ་ཁ་པར་02-245-7010ལ་ཁ་པར་བཏང་ནས་རོགས་སྐྱོར་ཞུ་ཆོག