འཕྲལ་སྡོམ་དོ་དམ་པུའུ་དང་ནོར་སྲིད་པུའུ་ཡིས་བརྡ་ཐོ་བཀྲམ་ནས།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་15ཉིན། 14:03】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ད་ལོ་ཚུན་དུ། རང་རྒྱལ་གྱི་རང་བྱུང་གནོད་འཚེ་དང་འབྲེལ་བའི་ཁྱབ་ཁོངས་ཆེ་བ་དང་། གནོད་འཚེ་ཕོག་པའི་ཞིང་ཆེན་མང་བ། ཤུགས་རྐྱེན་ཐེབས་ཚད་ཆེ་བ། ས་གནས་ཁག་གཅིག་ལ་གྱོང་གུན་ཕོག་ཚབས་ཆེ་བ་བཅས་ཡོད། ཉིན་ཤས་གོང་། འཕྲལ་སྡོམ་དོ་དམ་པུའུ་དང་ནོར་སྲིད་པུས《2025ལོ་ནས་2026ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་ལ་དགུན་དཔྱིད་གཉིས་ཀྱི་རོགས་སྐྱོབ་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། ས་གནས་ཁག་གིས་གྲལ་བཤེར་གཏིང་ཟབ་དང་ཞིབ་ཚགས་ཀྱིས་རོགས་སྐྱོབ་བྱ་ཡུལ་གཏན་འཁེལ་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཏན་ཏིག་བྱས་ཡོད།
བརྡ་ཐོའི་ནང་ནན་བཤད་བྱས་དོན། སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་གེགས་ཁུལ་དུ་བསྐྱོད་དེ་གནོད་འཚེ་ཕོག་པའི་མི་སྣའི་གནས་ཚུལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་དགུན་དཔྱིད་གཉིས་ཀྱི་རོགས་སྐྱོབ་སྲིད་ཇུས་ཕྱོགས་ཡོངས་དང་གནད་སྨིན་ངང་དོན་འཁྱོལ་བྱས་ནས་རོགས་སྐྱོབ་བྱེད་དགོས་རིགས་ཚང་མར་རོགས་སྐྱོབ་གང་ཐུབ་བྱེད་པའི་འགན་ལེན་བྱེད་དགོས། རོགས་སྐྱོབ་ཀྱི་སྒྲིག་ལམ་ཚད་ལྡན་ལག་ལེན་བསྟར་ནས་རོགས་སྐྱོབ་བྱ་ཡུལ་གྱི་བརྟག་དཔྱད་དང་། བསྡོམས་རྩིས། ཞིབ་བཤེར་གཏན་འཁེལ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། “རིགས་དབྱེ་རོགས་སྐྱོབ་དང་། གཙོ་གནད་རོགས་སྐྱོབ། གནད་སྨིན་རོགས་སྐྱོབ”བཅས་ཀྱི་རྩ་དོན་གཞིར་བཟུང་རོགས་སྐྱོབ་བྱ་ཡུལ་གྱི་རིགས་ལུགས་མཐུན་གྱིས་དབྱེ་འབྱེད་དང་རིགས་དང་རིམ་པ་དབྱེ་ནས་རོགས་སྐྱོབ་ཀྱི་ཚད་གཞི་ཞིབ་ཕྲ་དང་འཐུས་སྒོ་ཚང་དུ་བཏང་ནས་དགུན་དཔྱིད་གཉིས་ཀྱི་རོགས་སྐྱོབ་ཀྱི་སྤུས་ཚད་དང་ཕན་འབྲས་འགན་ལེན་བྱེད་དགོས།