གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་15ཉིན། 14:06】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་ཀྲང་ཡེ་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀན་སུའུ་ཀྲང་ཡེ་ཡི་ཆུ་ནག་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་གནས་ཚུལ་སྤེལ་ནས་ཡོངས་བསྒྲགས་བྱས་དོན། རྒྱུན་མཐུད་ཚན་ཞིབ་རྗེས་སྙེག་བྱས་པ་བརྒྱུད། ཆུ་བྱ་མགོ་ནག་གི་གནས་སྤོས་ཞིབ་འཇུག་ཐད་དུས་མཚམས་རང་བཞིན་གྱི་ཚད་བརྒལ་བྱུང་བ་རེད།
2022ལོར་ཆུ་བྱ་མགོ་ནག་གི་གནས་སྤོས་ལ་ཞིབ་འཇུག་བྱས་པ་ནས་བཟུང་། སྲུང་སྐྱོང་ཁུལ་གྱིས་རིམ་རྩིས་བརྒྱབ་ན་ཆུ་བྱ་མགོ་ནག་25ལ་སྲུང་སྐར་ངེས་གནས་ཀྱི་རྗེས་སྙེག་ཡོ་ཆས་བསྒར་ཞིང་། ཞིབ་འཇུག་དཔུང་ཁག་ལ་ཤེས་རྟོགས་བྱུང་བར། ཆུ་བྱ་མགོ་ནག་གི་ཁྱུ་ཚོགས་ལ་བལྟོས་བཅས་ཀྱིས་གཏན་འཇགས་ཡིན་པའི་འཕུར་སྐྱོད་བྱ་ཡུལ་དང་ངལ་གསོ་ཡུལ་ཡོད་པ་རེད། དཔུང་ཁག་གིས་ཀྲང་ཡེ་རུ་སྐྱེ་འཕེལ་བྱེད་པ་དང་ཡུལ་དེ་བརྒྱུད་མཁན་ཆུ་བྱ་མགོ་ནག་གི་ཁྱུ་ཚོགས་ཀྱི་གནས་སྤོས་ལམ་ཐིག་དང་འགུལ་སྐྱོད་ཆོས་ཉིད་ཁོང་དུ་ཆུད་པ་དང་འབྲེལ་ཆུ་བྱ་མགོ་ནག་གི་འཚོ་སྡོད་ཀྱི་དགའ་ཕྱོགས་དང་གནས་སྤོའི་བརྒྱུད་རིམ་ནང་འཕྲད་པའི་ཉེན་ཁ་སོགས་གསལ་བཤད་བྱས་ཏེ་སྟོངས་ཉེའི་སྲོག་ཆགས་དེ་རིགས་ལ་སྲུང་སྐྱོབ་བྱེད་པར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་པ་རེད།
2022ལོར་སྲུང་སྐྱོང་ཁུལ་གྱིས་ཆུ་བྱ་མགོ་ནག་གཉིས་ལ་སྲུང་སྐར་ངེས་གནས་ཀྱི་རྗེས་སྙེག་ཡོ་ཆས་བསྒར་བ་དང་འབྲེལ་གྲུབ་འབྲས་ཀྱང་ཐོབ་པ་རེད། མ་དཔེའི་འབོར་ཚད་དེ་བས་ཆེ་རུ་དང་ཞིབ་འཇུག་གི་གནད་ལ་འཁེལ་ཚད་མཐོ་རུ་གཏོང་ཆེད། 2025ལོར་ཆུ་བྱ་མགོ་ནག་15ལ་ངེས་གནས་སྒྲིག་ཆས་བསྒར་ནས་རིགས་རྒྱུད་དེའི་གནས་སྤོས་སྐྱེ་ཁམས་རིག་པ་ཞིབ་འཇུག་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། ཞིབ་འཇུག་བྱེད་འགོ་ཚུགས་པ་ནས་བཟུང་སྲུང་སྐྱོང་ཁུལ་དེས་ཚུར་བསྡུའི་གྲངས་གཞིར་དབྱེ་ཞིབ་བྱས་ཏེ་སྟོན་དཔྱིད་དུས་ཚིགས་གཉིས་སུ་ཆུ་བྱ་མགོ་ནག་གི་གནས་སྤོས་བཤུལ་ལམ་བཟོས་པ་རེད།
གོམ་སྟབས་རྗེས་མར། སྲུང་སྐྱོང་ཁུལ་གྱིས་ཚན་ཞིབ་ལས་ཁུངས་དང་མཉམ་ལས་གཏིང་ཟབ་བྱས་ཏེ་ཆུ་བྱ་མགོ་ནག་གི་འཚོ་བའི་གོམས་གཤིས་དང་གནས་སྤོས་ཆོས་ཉིད་ལ་་མུ་མཐུད་ཞིབ་འཇུག་བྱེད་པའི་རྨང་གཞིའི་ཐོག་འཚོ་སྡོད་ཁུལ་གཙོ་བོ་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁོངས་བརྒལ་བའི་མཉམ་འབྲེལ་སྲུང་སྐྱོང་ལམ་སྲོལ་འཛུགས་པར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་རེད།
ཀྲང་ཡེ་ཡི་ཆུ་ནག་འདམ་ར་ནི་རང་རྒྱལ་གྱི་ཆུ་བྱ་མགོ་ནག་སྐྱེ་འཕེལ་དང་གནས་སྤོས་ངལ་གསོ་བྱ་ཡུལ་གཙོ་བོ་ཡིན་པ་དང་དུས་བྱའི་གནས་སྤོས་དྲ་རྒྱའི་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་ལ་ཆུ་བྱ་མགོ་ནག་གི་སྐྱེ་ཁམས་ཞིབ་འཇུག་གི་འདོད་མཐུན་ས་ཁོངས་ཡག་པོ་ཞིག་ཀྱང་རེད།