ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་འགྲེལ་བཤད་ཁྱབ་བསྒྲགས་བྱས་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་15ཉིན། 14:07】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས《དྲ་སྦྲེལ་ཁྲིམས་ཁང་གྱོད་གཞི་བདག་སྐྱོང་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གཏན་འབེབས》ཁྱབ་བསྒྲགས་བྱས་ནས་དྲ་སྦྲེལ་ཁྲིམས་ཁང་གི་གྱོད་གཞི་བདག་སྐྱོང་ཁྱབ་ཁོངས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་ཡོད། 《གཏན་འབེབས》2025ལོའི་ཟླ་11ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
《གཏན་འབེབས》ནང་གསར་དུ་བསྣན་པའི་དྲ་རྒྱའི་གྱོད་གཞི་རིགས་བཞི་དྲ་སྦྲེལ་ཁྲིམས་ཁང་གིས་གཅིག་སྡུད་བདག་སྐྱོང་བྱ་རྒྱུ་དང་། “དྲ་རྒྱའི་གྲངས་གཞིའི་བདག་ཁོངས་དང་། དབང་གནོད། གན་རྒྱའི་རྩོད་གཞི”དང་། “དྲ་རྒྱའི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་དང་སྒེར་དོན་གསང་བའི་དབང་ཆའི་རྩོད་གཞི” “དྲ་རྒྱའི་རྟོག་བཟོའི་རྒྱུ་ནོར་གྱི་བདག་ཁོངས་དང་། དབང་གནོད། གན་རྒྱའི་རྩོད་གཞི” “དྲ་རྒྱའི་ཚུལ་མིན་འགྲན་རྩོད་རྩོད་གཞི”བཅས་དྲ་སྦྲེལ་ཁྲིམས་ཁང་གི་བདག་སྐྱོང་ཁྱབ་ཁོངས་སུ་འཇུག་རྒྱུ་རེད། 《གཏན་འབེབས》ལག་ལེན་བསྟར་རྗེས་པེ་ཅིང་གྲོང་ཁྱེར་དང་། ཀྲེ་ཅང་ཧང་ཀྲོའུ་གྲོང་ཁྱེར། ཀོང་ཏུང་ཀོང་ཀྲོའུ་གྲོང་ཁྱེར་བཅས་ཀྱི་གྲོང་ཁྱེར་ཁོངས་གཏོགས་ནང་གི་གཞི་རིམ་ཁྲིམས་ཁང་གིས་ཞིབ་གཅོད་བྱེད་དགོས་པའི་གོང་གསལ་གྱི་གྱོད་གཞི་དག་དྲ་སྦྲེལ་ཁྲིམས་ཁང་གསུམ་གྱིས་གཅིག་སྡུད་བདག་སྐྱོང་བྱ་རྒྱུ་རེད།
《གཏན་འབེབས》ནང་སོར་འཇོག་བྱས་པའི་གྱོད་གཞི་རིགས་བཞི་དྲ་སྦྲེལ་ཁྲིམས་ཁང་གིས་མུ་མཐུད་བདག་སྐྱོང་བྱ་རྒྱུ་རེད། དེའི་ནང“དྲ་རྒྱའི་ཁོངས་མིང་བདག་ཁོངས་དང་། དབང་གནོད། གན་རྒྱའི་རྩོད་གཞི”དང་། “དྲ་ཐོག་ཚོང་དོན་ལས་སྟེགས་བརྒྱུད་དྲ་རྒྱའི་ཅ་དངོས་ཉོ་སྒྲུབ་གན་རྒྱ་བཞག་པའམ་ཡང་ན་ལག་བསྟར་བྱས་ནས་ཐོན་པའི་རྩོད་གཞི” “གན་འཇོག་དང་ལག་བསྟར་བྱ་སྤྱོད་ཚང་མ་དྲ་རྒྱའི་ཐོག་ལེགས་སྒྲུབ་བྱས་པའི་དྲ་རྒྱའི་ཞབས་ཞུའི་གན་རྒྱའི་རྩོད་གཞི” “ཞིབ་དཔྱོད་ལས་ཁུངས་ཀྱིས་གོང་གཏུག་བྱས་པའི་དྲ་རྒྱའི་སྤྱི་ཕན་གཏུག་བཤེར་གྱོད་གཞི”བཅས་ཞིབ་ཕྲ་ཚུད་ཡོད། དྲ་སྦྲེལ་ཁྲིམས་ཁང་གིས་གོང་གསལ་གྱི་འོས་འཚམ་དྲ་ཐོག་ཞིབ་གཅོད་གྱོད་གཞི་མུ་མཐུད་གཅིག་སྡུད་བདག་སྐྱོང་བྱས་ནས“དྲ་ཐོག་རྩོད་གཞི་དྲ་ཐོག་ནས་ཞིབ་གཅོད་བྱེད་པའི”ལས་ཀའི་ལམ་སྲོལ་མུ་མཐུད་སྲ་བརྟན་དང་འཐུས་སྒོ་ཚང་དུ་བཏང་སྟེ་གཏུག་བཤེར་བྱེད་པར་ཁྲིམས་འཛིན་གྱི་སྟབས་བདེ་བསྐྲུན་རྒྱུ་རེད།