འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་15ཉིན།

༄༅།།རྒྱ་གར་ནུབ་རྒྱུད་ཀྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་མེ་ཤོར་ནས་མི་20རྐྱེན་ལམ་དུ་ཤོར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་15ཉིན། 14:18】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     རྒྱ་གར་གྱི་སྨྱན་སྦྱོར་དུ་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་14ཉིན་རྒྱ་གར་ནུབ་རྒྱུད་ལ་ཅ་སི་ཐན་པང་གི་ཐག་རིང་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་མེ་ཤོར་ནས་མི་20རྐྱེན་ལམ་དུ་ཤོར་བ་དང་མི་16ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།

     རྒྱ་གར་ཉེན་རྟོག་ཕྱོགས་ཀྱི་གནས་ཚུལ་དྲངས་པ་ལྟར་ན། ས་གནས་དེ་གའི་དུས་ཚོད་ཚེས་14ཉིན་ཕྱི་དྲོའི་ཆུ་ཚོད་3ཡས་མས་སུ་འགྲུལ་པ་57བླུགས་པའི་འགྲུལ་སྐྱེལ་རླངས་འཁོར་དེའི་མཇུག་ནས་གློ་བུར་དུ་དུ་བ་སྟུག་པོ་ཐོན་པ་དང་དེ་རྗེས་རླངས་འཁོར་ཧྲིལ་པོར་མེ་ཆེན་འཁྱུར་བ་རེད། དོན་རྐྱེན་ཐོན་རྗེས། ས་གནས་དེ་གའི་གྲོང་མི་དང་ལམ་འགྲོ་བ་མེ་སྐྱོན་བྱུང་སར་འབྱོར་ནས་རོགས་སྐྱོབ་བྱེད་རོགས་བྱས་པ་དང་རྨས་སྐྱོན་ཕོག་མི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་པ་རེད།

     གནས་ཚུལ་སྤེལ་བར་གཞིགས་ན། ཉེན་རྟོག་ཕྱོགས་ཀྱིས་མེ་སྐྱོན་དེ་རླངས་འཁོར་ནང་ཁུལ་གྱི་གློག་ལམ་ལས་བྱུང་བའི་དོགས་པ་བྱས་པ་དང་། དེའི་ཐད་བརྟག་དཔྱད་བྱས་པ་རེད།

     དོན་རྐྱེན་ཐོན་རྗེས། རྒྱ་གར་གྱི་ཙུང་ལི་མོ་ཏིའི་གཞུང་ལས་ཁང་གིས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས་རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཞུས་ཡོད་པ་རེད།