གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་07ཉིན། 10:12】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་གྱི་གསར་འགོད་པ། ཀུའོ་ཞའོ་ལུང་།
“རྒན་རབས་ཀྱིས་ཉམས་མྱོང་ལ་བརྟེན་ནས་ཐོན་འབོར་ཚོད་དཔག་བྱེད་པ་དང་བསྡུར་ན་ཧ་ཅང་གནད་ལ་འཁེལ་བ་འདུག”ཧེ་ལུང་ཅང་ཧྥུའུ་ཅིན་གྲོང་ཁྱེར་གྱི་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་ལོ་60ལ་སླེབས་པའི་ཆུ་འབྲས་འདེབས་མཁན་ཞིང་པ་ལིའུ་ཁྲུན་གྱིས་ལག་ཐོགས་ཁ་པར་ནང་གི“ཞིང་ཕྱུག་ཀུན་ཁྱབ”ཅེས་པའི་མཉེན་ཆས་ཀྱི་ཁ་ཕྱེ་སྐབས། བརྙན་ཤེལ་གྱི་ངོས་སུ་ཁོང་ཁྱིམ་གྱི་ཆུ་འབྲས་མུའུ་རེའི་ཐོན་འབོར་རྒྱ་མ་1105ཟིན་པ་དེ་ཐོན་ལས་གླིང་མ་བསྐྲུན་གོང་ལས་རྒྱ་མ་300ལྷག་ཙམ་གྱིས་མང་དུ་ཕྱིན་པ་མངོན་ཡོད།
ལོ་30ཡི་རིང་སོ་ནམ་པ་བྱས་པའི་ལིའུ་ཁྲུན་གྱིས་བརྗོད་པ་ལྟར་ན། སྔོན་ཆད་ཆུ་འབྲས་འདེབས་པ་ནི་གནམ་ཆུ་དང་རླུང་རྟ་སྒུག་པ་དང་གཉིས་སུ་མ་མཆིས། “ལོ་ལེགས་དུས་སུ་ས་ཞིང་མུའུ་རེ་ནས་སྟོན་ཐོག་རྒྱ་མ་800བསྡུ་ཐུབ། ལོ་ཉེས་བྱུང་ན་རྒྱ་མ་600ཙམ་བསྡུ་རྒྱུ་ཡང་ཁག་པོ་རེད”དེས་མ་ཚད། ལུད་རྒྱག་པར་ཉམས་མྱོང་ལ་བརྟེན་གྱི་ཡོད་པས་ལུད་མང་དྲགས་ན་ལྗང་མྱུག་ཚིག་པ་དང་། ལུད་ཉུང་དྲགས་ན་སྙེ་རྡོག་ཆུང་ཆུང་ལས་སྐྱེ་གི་མེད། སྟོན་ཐོག་བསྡུ་དུས། ཞོགས་པ་སྔ་པོ་ནས་སྤྱི་ལེ་བཅུ་ཕྲག་ཙམ་གྱི་སར་ཡོད་པའི་ཉོ་སྒྲུབ་བྱ་ཡུལ་དུ་འབྲུ་རིགས་དབོར་ནས་ཉིན་གུང་བར་གྲལ་སྒྲིག་དགོས་ཀྱི་ཡོད།
ལོ་ཤས་གོང་། ཧྥུའུ་ཅིན་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་སྐྲུན་འགོ་ཚུགས་ཤིང་། ཐོན་ལས་གླིང་དུ་མི་མེད་གནམ་གྲུ་ཡིས་ཞིང་སྨན་གཏོར་བ་ཐེངས་དང་པོ་མཐོང་སྐབས། ལིའུ་ཁྲུན་གྱིས“ལྕགས་རྡོག་འདིས་མི་ལས་ལྷག་པར་ཞིང་སྨན་སྙོམས་པོ་གཏོར་ཐུབ་བམ”ཞེས་ཐེ་ཚོམ་སྐྱེས་ནའང་། མི་མེད་གནམ་གྲུ་ཡིས་ཉིན་གཅིག་རིང་ས་ཞིང་མུའུ་1000ལྷག་ཙམ་ལ་ཞིང་སྨན་གཏོར་ཚར་བས་ཁོང་ཧང་སངས།
ལིའུ་ཁྲུན་གྱིས་ཀྱང་ཚན་རྩལ་གསར་པ་སྤྱད་ཅིང་། “ད་ལོའི་དབྱར་ཁར་ཐན་སྐྱོན་བྱུང་སོང་། སྔོན་ཆད་ཡིན་ན་དངངས་འཚབ་སྐྱེ་ངེས་རེད”ཐོན་ལས་གླིང་གི་ལྟ་ཞིབ་ཚད་ལེན་དྲ་རྒྱ་ཡིས་སྔ་ས་ནས་སེར་ལངས་ཚུལ་ལ་ལྟ་ཞིབ་བྱས་པས། “ཞིང་སར་ཐན་སྐྱོན་མ་བྱུང་བར་ཆུ་འབྲས་ཡག་པོ་སྐྱེས་ཡོད”ཅེས་ཁོང་གིས་བཤད།
ཐོན་ལས་གླིང་གིས་ད་དུང་འབྲས་ལས་སྣོན་བཟོ་གྲྭ་དང་འབྲེལ་མཐུད་བྱེད་རོགས་བྱས་ཏེ“ཧྥུའུ་ཅིན་འབྲས”ཀྱི་མཚོན་རྟགས་སྤྱད་པར་བརྟེན། ཞིང་དུད་ཀྱིས་སིལ་ཚོང་བྱས་པ་དང་བསྡུར་ན་རྒྱ་མ་རེར་མཐོ་ཤོས་སུ་སྒོར་1གིས་མང་བ་ཡོད། ལིའུ་ཁྲུན་གྱིས་རྩིས་ཤིག་བརྒྱབ་པ་སྟེ། རང་ཉིད་ཀྱིས་ས་ཞིང་མུའུ་500བརྒྱུད་བཤུག་བཏང་ན་མུའུ་རེའི་ཐོན་ཚད་རྒྱ་མ་1105ཟིན་པ་དང་། ད་ལོ་རྒྱ་མ་རེར་སྒོར་1.8བྱས་ནས་བཙོངས་ན། ཡོང་འབབ་ཁེ་གཙང་སྒོར་ཁྲི་15རག་ཐུབ།
འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་སོང་བས། ལིའུ་ཁྲུན་གྱིས་གྲོང་ཚོའི་ནང་གི་ཁང་པ་རྙིང་པ་བསྐྱར་བཟོ་བྱས་ནས་ཆུ་ཚ་པོ་བཟོ་ཆས་དང་འཁྱགས་སྒམ་ཉོས་པ་མ་ཟད། ན་ནིང་ད་དུང་གྲོང་ཁྱེར་དུ་ཁང་པའང་ཉོས་པ་རེད། “གཅིག་སྡུད་དྲོད་རླངས་གཏོང་གི་ཡོད་པས་དགུན་ཁར་རྡོ་སོལ་གྱི་མེ་གཏོང་མི་དགོས་པ་དང་། ཚ་བོས་སྦྱོང་ཚན་འབྲི་སྐབས་ཀྱང་རྐང་ལག་འཁྱག་པར་སེམས་ཁྲལ་བྱེད་དགོས་མེད”ཅེས་ཁོང་གིས་བཤད།
ལིའུ་ཁྲུན་ཁྱིམ་ཚང་གི་འགྱུར་ལྡོག་ནི་ཧྥུའུ་ཅིན་གྲོང་ཁྱེར་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་གིས་ཞིང་པར་རོགས་རམ་བྱས་ནས་ཡོང་འབབ་འཕར་བའི་མཚོན་ཚུལ་ཞིག་རེད། ཐོན་ལས་གླིང་གིས“བར་སྣང་ས་གཞིའི”ལྟ་ཞིབ་ཚད་ལེན་དྲ་རྒྱ་བཙུགས་ཏེ་ལེ་ལག་ཚང་བའི་རིག་ནུས་ཆུ་འདྲེན་དང་མི་མེད་གནམ་གྲུ་སོགས་སྒྲིག་ཆས་བཀོད་སྒྲིག་བྱས་ཤིང་། གཞི་ཁྱོན་ཡན་གྱི་ཆུ་འབྲས་ལས་སྣོན་ཁེ་ལས་48ནང་འདྲེན་བྱས་པས། ཞིང་ལས་ལོ་ཏོག་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་99.94%ཟིན་པ་དང་ཞིང་ལས་ཚན་རྩལ་གྱི་ལེགས་སྐྱེས་འབུལ་ཚད་71%བར་མཐོ་རུ་ཕྱིན་ཡོད། ཐོན་ལས་གླིང་གནས་སའི་ཧྥུའུ་ཅིན་གྲོང་ཁྱེར་གྱི་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི་976.1ཟིན་པ་དང་ན་ནིང་འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་66.04ཟིན་པས། དེ་ནི་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་རྫོང་ཆེན་པོ་གྲགས་ཅན་ཞིག་རེད།
མ་འོངས་པར་རྒྱང་ལྟ་བྱས་ན་ལིའུ་ཁྲུན་ལ་རེ་སྒུག་གསར་པ་ཡོད་པ་སྟེ། “ང་ཚོའི‘ཧྥུའུ་ཅིན་འབྲས’ནི་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་ཤིག་ཡིན་མོད། འོན་ཀྱང་ཡུལ་གཞན་དུ་དེ་ཙམ་ཤེས་ཀྱི་མེད། མིང་གྲགས་ཁྱབ་པར་བྱས་ནས་སང་ལོར་རིན་གོང་དེ་ལས་མཐོ་བ་བཙོང་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”