འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་27ཉིན།

༄༅།།མཚོ་སྔོན་གྱི་དགུན་དུས་མཁའ་འགྲུལ་སྐྱེལ་འདྲེན་བགྲོད་ལམ་འཛུགས་སྐྲུན་ལ་ཚད་བརྒལ་གསར་པ་བྱུང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་27ཉིན། 13:44】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་གསར་འགོད་པར་མཚོ་སྔོན་གནམ་ཐང་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་26ཉིན་རྒྱལ་ཡོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུའི་འཕུར་སྐྱོད་དུས་ཚོད་ལ་འགྱུར་ལྡོག་བཏང་ཚུན། མཚོ་སྔོན་མཁའ་འགྲུལ་གྱི་འགྲུལ་སྐྱེལ་དང་ཟོག་འདྲེན་མུ་མཐུད་བརྟན་པོའི་ངང་འཕར་ཚུལ་རྒྱུན་འཁྱོངས་ཐུབ་ནས་གནམ་གྲུ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་49བར་མང་དུ་ཕྱིན་ཏེ་མཁའ་ལམ་དྲ་རྒྱའི་ཤར་བགྲོད་རང་བཞིན་དང་སྟབས་བདེའི་རང་བཞིན་རྒྱུན་མཐུད་འཕར་ཡོད། ན་ནིང་གི་དགུན་དུས་དང་བསྡུར་ན་ཟི་ལིང་ནས་པེ་ཅིང་བར་གྱི་དུས་གཏན་གནམ་གྲུ་ཉིན་རེར་ཐེངས་5ནས་ད་ལྟ་ཐེངས་7བར་མང་དུ་བཏང་བ་དང་། ཧྲང་ཧའེ་དང་། ནན་ཅིང་། ནན་ཁྲང་། ནན་ཉིང་། ཧྲི་ཅ་ཀྲོང་སོགས་གཙོ་གནད་གྲོང་ཁྱེར་གྱི་དུས་གཏན་གནམ་གྲུ་རྒྱུན་མཐུད་མང་དུ་གཏོང་བཞིན་ཡོད།

     ཧྲའན་ཤིས་ནས་མཚོ་སྔོན་བར་གྱི་བགྲོད་ལམ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་ཆེད། མཚོ་སྔོན་གནམ་ཐང་ཀུང་སིས་ཤར་ཕྱོགས་མཁའ་འགྲུལ་ཀུང་སི་དང་ཧའེ་ནན་མཁའ་འགྲུལ་ཀུང་སི་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ། ཟླ་11ཚེས་23དང་ཟླ་11ཚེས་25ཉིན་ཟི་ལིང་ནས་ཤིས་ཨན་བར་འགྲོ་འོང་དུས་གཏན་གནམ་གྲུ་2བསྟུད་མར་མང་དུ་བཏང་བ་དང་དུས་གཏན་གནམ་གྲུའི་བར་གསེང་སྔོན་མའི་ཆུ་ཚོད་10ནས་ད་ཆ་ཆུ་ཚོད་3བར་ཐུང་དུ་བཏང་བས། མཚོ་སྔོན་ནས་ཧྲའན་ཤིས་བར་ཉིན་དེ་རང་དུ་ཕར་འགྲོ་ཚུར་འོང་ཐུབ་པ་བྱུང་ཡོད། མཚོ་སྔོན་ནས་ཧྲའན་ཤིས་ཀྱི་བགྲོད་ལམ་ཚགས་ཚུད་དུ་སོང་བ་དང་དུས་དང་རྣམ་པ་ཀུན་ཏུ་དུས་གཏན་གནམ་གྲུ་ཡོད་པའི་ལེགས་ཆར་བརྟེན་ནས་ཟི་ལིང་ནས་ཤིས་ཨན་བརྒྱུད་དེ་ཆུ་ཚོད་12ནང་ཚུན་དུ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་140ལ་འབྱོར་ཐུབ་པ་དང་ཆུ་ཚོད་3ནང་ཚུན་དུ་རྒྱལ་ཡོངས་ཀྱི་ཞིང་ཆེན་ལྟེ་གནས་དང་ཐད་གཏོགས་གྲོང་ཁྱེར་ཚང་མ་དང་ཡོངས་སུ་སྦྲེལ་མཐུད་ཐུབ་པ་བྱུང་ཡོད། ཤིས་ཨན་བརྒྱུད་དེ་ཀོང་ཀྲོའུ་དང་། ཧྲེན་ཀྲེན། ཧྥུའུ་ཀྲོའུ། ཞ་མོན། ཧའེ་ཁོའུ། ཀྲུའུ་ཧའེ་བཅས་སུ་སྐྱོད་པར་ཉིན་ལྟར་དུས་གཏན་གནམ་གྲུ་10ཡན་ཡོད་པ་དང་། ཧྲེན་དབྱང་དང་། ཧར་པིན། ཁྲང་ཁྲུན། ཏ་ལེན་སོགས་བྱང་ཤར་གྲོང་ཁྱེར་དུ་སྐྱོད་པར་ཉིན་ལྟར་དུས་གཏན་གནམ་གྲུ་5ཡན་ཡོད་པ་རེད།

     མཚོ་སྔོན་གྱི་ཟོག་འགྲེམས་ལས་ཕྱོད་སྔར་བས་ཆེ་རུ་གཏོང་བ་དང་ཟོག་འགྲེམས་མ་གནས་དམའ་རུ་བཏང་སྟེ“མཚོ་སྔོན་གྱི་ཡུལ་ཟོག་ཕྱིར་གཏོང་བར”རམ་འདེགས་བྱ་ཆེད། མཚོ་སྔོན་གནམ་ཐང་ཀུང་སིས་མ་དངུལ་བཏང་ནས་ནུབ་བྱང་རྒྱལ་སྤྱིའི་ཟོག་འགྲེམས་མཁའ་འགྲུལ་ཀུང་སི་དང་མཉམ་ལས་བྱས་ཏེ། ཟི་ལིང་གིས་འགན་ཁུར་བའི་རྒྱལ་སྤྱིའི་དོས་སྐྱེལ་གནམ་གྲུའི་འཕུར་སྐྱོད་བརྒྱུད་རིམ་འཆར་འགོད་དང་ཆོག་མཆན་སྙན་སེང་ལེགས་སྒྲུབ་བྱས་ཡོད། ཟླ་11ཚེས་17ཉིན། “ཟི་ལིང-ཁྲེང་ཏུའུ—པང་ཁོག”གི་དོས་སྐྱེལ་གནམ་གྲུའི་མཉམ་འབྲེལ་མཁའ་ལམ་ཐོག་མར་ཤར་གཏོང་བྱས་པས་སྐྱེལ་འདྲེན་གྱི་ནུས་ཡུན་མིག་སྔའི་རྒྱལ་ནང་ནས་རྒྱལ་སྤྱིར་བསྒྱུར་བའི་ཟོག་འདྲེན་གྱི་རྣམ་པ་ལས་ཆུ་ཚོད་12ཐུང་དུ་སོང་ཡོད། མཚོ་སྔོན་གནམ་ཐང་ཀུང་སིས་ཟི་ལིང་ནས་ཨེ་ཤེ་ཡའི་ཤར་ལྷོའི་ས་ཁུལ་གྱི་དོས་སྐྱེལ་གནམ་གྲུའི་ཐད་གཏོང་མཁའ་ལམ་ཤར་གཏོང་ཐུབ་པར་སྐུལ་འདེད་ཧུར་ཐག་བཏང་བས་སྐྱེལ་འདྲེན་གྱི་ནུས་ཡུན་ཆུ་ཚོད་6ཙམ་ཐུང་དུ་ཕྱིན་ཡོད།