འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་27ཉིན།

༄༅།།ཇོ་མོ་གླང་མར་གློག་སྐས་སྒྲིག་སྦྱོར་བྱས་ཡོད་པ་རེད་ཟེར་བའི་ཐད་ལ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་27ཉིན། 13:51】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཉེ་ཆར་དྲ་དམངས་ཀྱིས་ཐེར་འདོན་བྱས་པ་ལྟར་ན། ཇོ་མོ་གླང་མར་གློག་སྐས་སྒྲིག་སྦྱོར་བྱེད་པ་ཟེར་བའི་AIལས་བཟོས་པའི་ཆ་འཕྲིན་རྫུན་མ་མང་དག་ཅིག་དྲ་ཐོག་ཏུ་ཡང་ཡང་ཐོན་བཞིན་ཡོད། ཚོང་གཉེར་རྩིས་གྲངས་ཁག་གཅིག་གིས་AIསྤྱད་དེ་བོད་ཀྱི་པར་རྒྱག་མཇེས་ལྗོངས་ཁག་གི་པར་རིས་དང་བརྙན་ལམ་རྫུན་མ་རྫུན་བཟོ་དང་། ཁྱབ་བསྒྲགས་རྫུན་མ་བྱེད་པ་བཅས་ལས་དྲ་དམངས་གི་དོ་འཁུར་བྱེད་རེ་བྱེད་པ་དང་འཛད་སྤྱོད་འཇམ་ཁྲིད་བྱེད་ཀྱི་ཡོད། ཆ་འཕྲིན་དེ་དག་ཏུ་“འདྲ་རིས་མངོན་སུམ་དོད་པོ་དང་གོ་ནོར་རང་བཞིན་གྱི་ཞིབ་བཤད་”ཐོག་ནས་བལྟ་སྟངས་ལ་རྙོག་འཛིང་བཟོ་གིན་ཡོད་པས་སྤྱི་དམངས་གོ་ནོར་ཐེབས་སུ་བཅུག་པ་མ་ཟད། དྲ་རྒྱའི་ཁོར་ཡུག་དྭངས་གསལ་ལའང་ཟིང་ཆ་ཚབས་ཆེན་སློང་བཞིན་ཡོད་པ་རེད།

     གཤམ་དུ་རྩོམ་སྒྲིག་པས་ཚང་མར་གཙོ་གནད་གཏན་འཁེལ་ཐོག་ནས་གསལ་བཤད་ཞུ་རྒྱུར། ཐབས་རྩལ་འདི་དག་ཁོང་དུ་ཆུད་ན། AIདཀྲོག་གཏམ་ལས་སླ་པོར་དབྱེ་བ་འབྱེད་ཐུབ།

     1.འབྱུང་ཁུངས་ལ་ཞིབ་བཤེར་བྱེད་དགོས། ཆ་འཕྲིན་དེ་དབང་གྲགས་ལྡན་པའི་སྨྱན་སྦྱོར་དུ་བརྒྱུད་འགོད་བྱས་མིན་ར་སྤྲོད་བྱེད་པ་དང་། ཁྱབ་བསྒྲགས་མཁན་གྱི་རྩིས་ཐོའི་བདེན་དཔང་གནས་ཚུལ་ལ་དོ་སྣང་བྱས་ནས། བདེན་དཔང་མེད་པ་དང་ནང་དོན་རྙོག་འཛིང་གི་རྩིས་ཐོར་དོགས་ཟོན་བྱེད་དགོས།

     2. གནས་ཚུལ་ཞིབ་ཕྲར་དཔྱད་དགོས། མིའི་ལུས་ཕུང་གི་མཛུབ་མོའི་གྲངས་ཀ་རྒྱུན་ལྡན་མིན་པ་དང་། རིས་འོད་ཀྱི་གྲིབ་གཟུགས་རང་བྱུང་མིན་པ། བརྙན་ལམ་ཁྲོད་ཀྱི་ཁ་གདངས་སྟངས་དང་འདོན་པའི་སྒྲ་གཉིས་དུས་གཅིག་མིན་པ་སོགས་ཀྱི་སྐྱོན་ཆར་དོ་སྣང་བྱེད་དགོས།

     3.གཏན་ཚིགས་ལ་བརྟག་དགོས། དུས་ཚོད་ཐོག་གི་སྐྱོན་ཆ་དང་། གཞི་གྲངས་འགལ་བ། ཆེད་ལས་ཀྱི་ཐ་སྙད་སྤྱོད་ནོར་ཤོར་བ་སོགས་རྒྱུན་ཤེས་ལས་ལྡོག་པའི་གནད་དོན་ལ་དོགས་ཟོན་བྱེད་དགོས།

     4.ཡོ་བྱད་སྤྱོད་དགོས། ཀྲུང་གོའི་དྲ་སྦྲེལ་མཉམ་འབྲེལ་དཀྲོག་གཏམ་སེལ་བའི་ལས་སྟེགས་སུ་ཞུགས་ནས་ཆ་འཕྲིན་བདེན་རྫུན་ཞིབ་བསྡུར་བྱེད་དགོས།

     དཀྲོག་གཏམ་དབྱེ་བ་འབྱེད་པ་ཕུད། AIབེད་སྤྱོད་ཀྱང་དགེ་བའི་ལས་ལ་ཕྱོགས་དགོས།

     AIལ་བརྟེན་ནས་ཆ་འཕྲིན་རྫུན་མ་བཟོ་བ་དང་། དཀྲོག་གཏམ་ཁྱབ་སྤེལ་བྱེད་རིགས་གཏན་འགོག་བྱེད་པ། AIབེད་སྤྱོད་བྱས་ནས་དབང་ཆར་བཙན་གནོད་དང་། ཐ་ཤལ། ཁྲིམས་འགལ་བཅས་ཀྱི་ནང་དོན་གསར་རྩོམ་མི་བྱེད་པ། སྒེར་གྱི་གསང་དོན་སྲུང་སྐྱོང་བྱས་ནས་ཐོབ་ཐང་ལག་ཁྱེར་སོགས་ཚོར་སྣང་སྐྱེན་པའི་ཆ་འཕྲིན་ཕྱིར་བཤོལ་མི་བྱེད་པ། AIབེད་སྤྱོད་བྱས་ནས་དྲ་རྒྱའི་ཐོག་གཞན་ལ་ཕར་རྒོལ་བྱེད་པ་དང་བསམ་ངན་བཅངས་ནས་པར་རིས་རྗུན་བཟོ་བྱེད་པ་སོགས་གཞན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་གཏན་ནས་མི་བྱེད་པ། AIནང་དོན་མི་ལེགས་པ་དང་སྒྲིག་འགལ་ཡོད་རིགས་ཐེར་འདོན་ཧུར་ཐག་བྱས་ནས་བདེ་ཐང་གི་དྲ་རྒྱའི་སྐྱེ་ཁམས་སྲུང་སྐྱོང་བྱེད་དགོས།

     བོད་ཀྱི་ཐེར་འདོན་དྲན་སྐུལ་བྱས་གསལ་དུ།

     AIཐོན་སྐྱེད་ཀྱི་ནང་དོན་མི་ལེགས་པ་དང་སྒྲིག་འགལ་གྱི་མདུན་དུ་ངེས་པར་དུ་“ལས་སླ་མོར་ཡིད་ཆེས་མི་བྱེད་པ་དང་། བརྒྱུད་སྤྲོད་མི་བྱེད་པ། ཁྱབ་སྤེལ་མི་བྱེད་པའི་”རྩ་དོན་བརྟན་པོར་བསྲུང་དགོས། AIཐོན་སྐྱེད་ལ་ནང་དོན་མི་ལེགས་པ་དང་སྒྲིག་འགལ་ནང་དོན་ཡོད་དོགས་ཤེས་རྟོགས་བྱུང་ཚེ། བོད་ཀྱི་ཐེར་འདོན་གཞུང་ཕྱོགས་ཀྱི་དྲ་ཚིགས་དང་། དཔོད་ཆུང་། འཕྲིན་ཡིག་སྤྱི་པའི་ཨང་གྲངས་བཅས་བརྒྱུད་ཐེར་འདོན་བྱས་ཆོག