འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་27ཉིན།

ཧྲའན་ཤིས་ཞིང་ཆེན་ཧྥུའུ་ཕིང་རྫོང་ཝན་ལི་གྲོང་ཚོས།

༄༅།།ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་ནས་དམངས་ཕྱུག་ཐོན་ལས་སྟོབས་ཆེར་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་27ཉིན། 14:42】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཧྲའན་ཤིས་ཞིང་ཆེན་ཧྥུའུ་ཕིང་རྫོང་གི་ཤིང་ཏོག་ཨ་མྲའི་ཐོན་ལས་སྐད་གྲགས་ཡོད་ཀྱང་སྔོན་ཆད་ཤིང་ཏོག་ཨ་མྲ་འདེབས་པ་ནི་ཝན་ལི་གྲོང་ཚོའི་ལས་རིགས་གཙོ་བོ་མིན། དེ་ཡང་། འདེབས་འཛུཌ་ཀྱི་ལག་རྩལ་མེད་པ་དང་། ལས་སྣོན་བྱེད་ས་མེད་པ། ཕྱིར་ཚོང་ཐབས་ལམ་མེད་པས་ལོ་ལྟར་ཤིང་ཏོག་ཨ་མྲ་སྨིན་པའི་དུས་ཚིགས་སུ་ཡུལ་མི་ཚོས་ཡང་ན་རིན་གོང་དམའ་པོས་འཚོང་དགོས་པ་དང་ཡང་ན་ཤིང་ཏོག་སྡོང་པོའི་སྟེང་དུ་རུལ་ཡང་བྱ་དཀའ་བྱེད་གཏད་མེད་པར་སྡོད་དགོས་ཀྱི་ཡོད། དེར་བརྟེན་ཝན་ལི་གྲོང་ཚོ“འབྲས་ཤིང་ཁོ་ནར་བརྟེན་ན་ལྷོ་གོས་མ་འཕྱིད་པའི”གནས་སུ་གྱར་ཡོད།

     2019ལོར། ཀྲུང་གོ་སན་ཤིང་ཚོགས་པ་དང་ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས(ད་ཆའི་ཀྲུང་གོའི་གྲོང་གསེབ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས)ཀྱིས་ཧྥུའུ་ཕིང་གི་ཤིང་ཏོག་ཨ་མྲའི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཐད་མཉམ་ལས་བྱས་ཏེ་ཝན་ལི་གྲོང་ཚོར་ཧྥུའུ་ཕིང་གི་ཤིང་ཏོག་ཨ་མྲ་འདེབས་འཛུགས་སྐུལ་སྤེལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས་ཚད་ལྡན་ཅན་གྱི་བསིལ་སྐམ་ཁང་དང་དྲོད་ཚད་དམའ་བའི་གྲང་མཛོད་བསྐྲུན་ཡོད། རྣམ་གྲངས་ཀྱི་རྒྱབ་སྐྱོར་འོག་ཤིང་ཏོག་ཨ་མྲ་ཐར་ཐོར་འདེབས་འཛུགས་ནས་གཞི་ཁྱོན་ཅན་གྱི་འདེབས་གསོའི་བར་རིམ་གྱིས་འགྱུར་ནས་ཝན་ལི་གྲོང་ཚོའི་ཀ་རྟེན་ཐོན་ལས་སུ་གྱུར་ཡོད།

     “གལ་ཏེ་གཞི་ཁྱོན་དང་ཐོན་འབོར་བསྡུར་ན་ཐོན་ཁུལ་གཙོ་བོ་དང་བསྡུར་ཐབས་མེད་པས། ཡུལ་མི་ཞུགས་པ་དང་ཐོན་ལས་རིམ་སྤོར་བྱས་ནས་གྲོང་ཚོའི་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་ལས་མེད”ཅེས་ཀྲུང་གོ་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་འཕེལ་རྒྱས་རྣམ་གྲངས་པུའི་ཀྲུའུ་རེན་ཧྥེང་ཀྲུང་ཏེ་ཡིས་བཤད།

     ཝན་ལི་གྲོང་ཚོའི་ཤིང་ཏོག་ཨ་མྲ་ཡི་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས། རིམ་བཞིན་རང་ཉིད་ཀྱི་སྤུས་རྟགས་དང་། ཚོང་རྟགས། ཐུམ་སྒྲིལ། གཉེར་སྐྱོང་ཚོགས་པ་བཅས་ཡོད་པ་དང་ས་གནས་དེ་གའི་ཐོན་ཁུངས་རྨང་གཞིར་བྱས་པའི་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་རྣམ་པ་རགས་ཙམ་ཆགས་ཡོད། ཐོན་ལས་འཕེལ་རྒྱས་དེ་བས་ལེགས་པ་ཡོང་བར་སྐུལ་འདེད་གཏོང་ཆེད། ཀྲུང་གོ་སན་ཤིང་ཚོགས་པས་མ་དངུལ་མཁོ་འདོན་དང་ལག་རྩལ་ནང་འདྲེན་བྱས་པ་བརྒྱུད། ས་གནས་དེ་གར་དེང་རབས་ཐོན་ལས་ལས་སྣོན་གྱི་ནུས་པ་ལྡན་པའི“འབྱུང་འགྱུར་བཟོ་གྲྭ”སྐྲུན་རོགས་བྱས་ཡོད། 2024ལོའི་ཟླ་10པར། ས་ཁྱོན་སྨི་ངོས་གྲུ་2000ཙམ་ཟིན་པའི་ཤིང་ཏོག་ཨ་མྲའི་འབྱུང་འགྱུར་བཟོ་གྲྭ་བསྐྲུན་ཟིན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད།

     “ཞིང་པ་ཕྱུག་འགྱུར་ཡོང་བར་ཚན་རྩལ་ལ་དེ་བས་བརྟེན་དགོས། སྔོན་མ་མི་ཐབས་ལ་བརྟེན་ན་ཤིང་ཏོག་ཨ་མྲའི་ཕྱི་ཤུན་བཤུ་བར་ཉིན་གཅིག་ལ་རྒྱ་མ་2000ཙམ་ལས་ཚར་གྱི་མེད། ད་ཆ་སྒྲིག་ཆས་ཀྱིས་ཉིན་གཅིག་ལ་རྒྱ་མ་4000བཤུ་ཐུབ་ཀྱི་ཡོད། བསིལ་སྐམ་མ་ལག་གིས་རུལ་སླ་བའི་དཀའ་གནད་ནུས་ལྡན་བསལ་བ་མ་ཟད། ཤིང་ཏོག་ཨ་མྲ་ཁྲོམ་རར་འདོན་པའི་དུས་ཡུན་ཉིན་20སྔ་རུ་ཕྱིན་ཡོད”ཅེས་ཀྲའོ་ཙེང་མིན་གྱིས་བཤད།

     ཐོན་ལས་ལ་བརྟེན་ནས་ཤེས་ལྡན་པ་འགུགས་ཐབས་དང་ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ་གྲོང་གསེབ་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དེའང་སན་ཤིང་ཚོགས་པའི“མཉམ་སྤྱོད་གྲོང་ཚོའི”རྣམ་གྲངས་ཝན་ལི་གྲོང་ཚོར་ལག་ལེན་བསྟར་བའི་ཁ་ཕྱོགས་ཤིག་རེད། 2023ལོར་གྲོང་ཚོའི་མཉམ་ལས་ཁང་གི་གདན་ཞུས་ལྟར་མཉམ་ལས་ཁང་གི་ལས་རིགས་སྤྱི་གཉེར་པའི་འགན་འཁུར་བ་དབྱང་ཝེ་ནཱ་ཡིས་ཚོང་ལས་གོ་སྐབས་རྙེད་ཅིང་། སྲོལ་རྒྱུན་བཟོ་རྩལ་ལས་བློ་སྒོ་ཕྱེ་སྟེ། དབྱང་ཝེ་ནཱ་ཡིས་ཞིབ་འཇུག་སྒྲིག་གཞི་མང་པོ་དང་མཉམ་ལས་བྱས་ཏེ། མ་སྨིན་པའི་ཤིང་ཏོག་ཨ་མྲས་ཚོས་རྒྱག་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་ནས་དེང་རབས་ཅན་གྱི་ཤིང་ཏོག་ཨ་མྲའི་བཀྲག་རྩིའི་ཐོན་སྐྱེད་སྒྲུབ་རིམ་བཏོད་པས་བཟོ་རྩལ་སློབ་གླིང་དང་སྒྱུ་རྩལ་ཤེས་ལྡན་པ་འབོར་ཆེན་ཞིག་ཝན་ལི་གྲོང་ཚོར་ཡོང་ནས་སྲོལ་རྒྱུན་བཟོ་རྩལ་གསར་སྤེལ་དང་བེད་སྤྱོད་བྱེད་ཀྱི་ཡོད། ཤིང་ཏོག་ཨ་མྲས་ཐོན་ལས་རིམ་སྤོར་དང་། རིག་གནས་རྒྱུན་འཛིན། གྲོང་མི་མཉམ་ཕྱུག་བཅས་ཀྱི་རྣམ་པ་ཞིག་གསར་པ་བཏོད་ཡོད།

     ད་ལོ་ཚུན་དུ། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་བཏང་བ་དེས་ཝན་ལི་གྲོང་ཚོའི་ཐོན་རྫས་ཀྱི་རྣམ་པ་སྔར་བས་ཕུན་སུམ་ཚོཌ་སུ་ཕྱིན་པ་མ་ཟད། ད་དུང་ཞིབ་འཇུག་གསར་སྤེལ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་སོགས་འབབ་འཕར་ཐབས་ལམ་སྔར་བས་མང་བ་བཏོད་ཡོད།

     “ཝན་ལི་གྲོང་ཚོར་གྲུབ་འབྲས་ཐོབ་པའི་འགག་རྩ་ནི་ཐོན་ལས་དར་རྒྱས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་ཏེ་ཤིང་ཏོག་ཨ་མྲའི་སྐྱེ་འཚར་དུས་ཡུན་ཧྲིལ་པོ་ནས་རིན་ཐང་སྔོག་འདོན་བྱེད་པ་དང་། ‘མཉམ་ལས་ཁང་དང་ཡུལ་མིས་གཙོ་ཁྲིད་དང་། ཁེ་ལས་ཀྱིས་མཐུན་རྐྱེན་སྦྱོར་བ། སྤྱི་ཚོགས་རྩ་འཛུགས་ཀྱིས་ཆེད་ལས་ཅན་གྱི་ལག་བསྟར་བཅས་ཟུང་འབྲེལ་བྱེད་པའི’རྩ་དོན་ལ་བརྟེན་ནས་ཕྱོགས་མང་མཉམ་ལས་ལས་སྡེབ་གཅིག་ལ་ཕན་འབྲས་ཐོན་པ་དེ་རེད”ཅེས་ཀྲུང་གོ་སན་ཤིང་ཚོགས་པའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་ཅན་གྱིས་ངོ་སྤྲོད་བྱས།