གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་28ཉིན། 14:29】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་25ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”དྲན་གསོའི་ཚོགས་ཆེན་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཕ་ལེ་སི་ཐན་གྱི་གནད་དོན་ནི་འཛམ་གླིང་དབུས་ཤར་ས་ཁུལ་གྱི་གནད་དོན་གྱི་འགག་རྩ་ཡིན་པས། དེ་ནི་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་འབྲེལ་བ་ཡོད་ལ། ས་ཁུལ་གྱི་དུས་བབ་དང་ཡང་འབྲེལ་བ་ཡོད། མིག་སྔའི་དུས་བབ་འོག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ངོས་འཛིན་སྔར་བས་གཅིག་སྒྲིལ་དང་དེ་བས་དགེ་མཚན་ལྡན་པའི་བྱ་སྤྱོད་སྤེལ་ཏེ། ཅ་ཧྲ་ཡི་དམག་མཚམས་ཕྱོགས་ཡོངས་ནས་འཇོག་ཐུབ་པ་དང་། དམག་འཁྲུག་གི་མེ་ལྕེ་སླར་ཡང་མི་མཆེད་པ་བྱེད་དགོས། “ཕ་ལེ་སི་ཐན་བས་ཕ་ལེ་སི་ཐན་སྐྱོང་བའི”རྩ་དོན་རྒྱུན་འཁྱོངས་བྱས་ནས་ཅ་ཧྲའི་དམག་འཁྲུག་རྗེས་ཀྱི་བཅོས་སྐྱོང་དང་བསྐྱར་སྐྲུན་གྱི་ལས་དོན་སྤེལ་བ་དང་། ཕ་ལེ་སི་ཐན་མི་དམངས་ཀྱི་འདུན་པར་བརྩི་འཇོག་དང་ས་ཁུལ་རྒྱལ་ཁབ་ཀྱི་ལུགས་མཐུན་དོ་ཁུར་ལ་ལྟ་རྟོག་བྱེད་དགོས། ཅ་ཧྲའི་མི་ཆོས་དུས་བབ་མགྱོགས་མྱུར་ལེགས་སུ་བཏང་ནས་ཕ་ལེ་སི་ཐན་མི་དམངས་ཀྱི་དཀའ་སྡུག་ཉུང་དུ་གཏོང་དགོས་ཤིང་། དེའང་གལ་འགངས་ཆེ་ཤོས་ནི“རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི”ཁ་ཕྱོགས་ཆེན་པོ་གཏན་འཁེལ་བྱས་ནས། ཕ་ལེ་སི་ཐན་གྱི་གནད་དོན་སྔ་ཙམ་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་ཐུབ་པར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕ་ལེ་སི་ཐན་གྱི་གནད་དོན་ནི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་ཕན་ནུས་རང་བཞིན་ལྡན་པའི་ཚོད་བགམ་ཞིག་ཀྱང་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐད་ཀར་ཕ་ལེ་སི་ཐན་གྱི་གནད་དོན་གྱི་འབྱུང་རྩར་ཕྱོགས་ནས་འགན་འཁྲི་མངོན་པ་དང་བྱ་སྤྱོད་ནུས་ལྡན་སྤེལ་ཏེ། ལོ་རྒྱུས་ཀྱི་དྲང་གཞག་མེད་པའི་གནད་དོན་ཡོ་བསྲང་བྱས་ནས་དྲང་གཞག་དང་དྲང་བདེན་སྲུང་སྐྱོང་བྱེད་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རེ་འབོད་བྱེད་ཀྱི་ཡོད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པའི་ཀྲུང་གོས་ཕ་ལེ་སི་ཐན་མི་དམངས་ཀྱི་མི་རིགས་ཀྱི་ཁྲིམས་མཐུན་དབང་ཆ་སླར་གསོ་བྱེད་པའི་དྲང་བདེན་བྱ་གཞག་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཕ་ལེ་སི་ཐན་གྱི་གནད་དོན་སྔ་ཙམ་ཕྱོགས་ཡོངས་དང་། དྲང་གཞག གང་མགྱོགས་ཐག་གཅོད་ཐུབ་པར་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡིན།