འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་28ཉིན།

༄༅།།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དངོས་པོའི་འདེགས་སྐྱོར་བརྟན་པོ་བྱས་པ།

——དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་ནས་དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་བརྟན་དུ་དང་སྟོབས་ཆེ་རུ་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་28ཉིན། 14:48】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཤིན་ཕིང་། ཝང་ཀྲེང་། ལིའུ་དབུན་ཤིན།

     དེང་རབས་ཅན་གྱི་ཐོན་ལས་མ་ལག་ལ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དངོས་པོ་དང་ལག་རྩལ་གྱི་རྨང་གཞི་འདིང་དགོས།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “ངེས་པར་དུ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་ནས། ཚན་རྩལ་གསར་གཏོད་ཀྱིས་ཁྲིད་སྟོན་དང་དངོས་ཚན་དཔལ་འབྱོར་རྨང་གཞིར་བྱས་ཏེ། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། གསར་དར་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ། འབྱུང་འགྱུར་ཐོན་ལས་སྔོན་བརྒལ་བཀོད་སྒྲིག་བཅས་མཉམ་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་དགོས”

     “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོའི་ནང་འཐབ་ཇུས་ཀྱི་ལས་འགན་ཁག་12བཀོད་སྒྲིག་བྱས་ཡོད་ཅིང་། དེའི་ཁྲོད་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་ནས་དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་བརྟན་དུ་དང་སྟོབས་ཆེ་རུ་གཏོང་རྒྱུ”ལས་འགན་ཨང་དང་པོར་བཞག་ཡོད།

     ལས་འགན་ཨང་དང་པོར་བཞག་པ་དེ་ལས་གལ་འགངས་ཧ་ཅང་ཆེ་ལུཌ་མངོན་པ་དང་བརྡ་རྟཌ་མངོན་གསལ་དོད་པོ་བཏང་བ་སྟེ། “རང་རྒྱལ་གྱི་དཔལ་འབྱོར་ནི་དངོས་ཚན་དཔལ་འབྱོར་ལ་བརྟེན་ནས་འགོ་བཙུགས་པ་ཡིན་པས། དངོས་ཚན་དཔལ་འབྱོར་ལ་བརྟེན་ནས་འབྱུང་འགྱུར་གྱི་ཕྱོགས་སུ་སྐྱོད་དགོས་ངེས་རེད”

     དངོས་ཚན་དཔལ་འབྱོར་བརྟན་པོ་ཡོང་བ་བྱ་རྒྱུ་ནི་རྒྱལ་ཁབ་ཅིག་སྟོབས་ལྡན་ཡོང་བའི་རྨང་གཞི་རེད།

     དངོས་ཚན་དཔལ་འབྱོར་ནི་རང་རྒྱལ་དཔལ་འབྱོར་གྱི་འདེགས་སྐྱོར་གལ་ཆེན་དུ་གྱུར་དོན་གང་ཡིན་ནམ་ཞེ་ན། མ་དཔེ་ཞིག་ལ་དབྱེ་ཞིབ་བྱས་ཚེ་མྱོང་ཚོར་གསལ་པོ་ཐུབ་ཀྱི་རེད།

     གྲོང་ཁྱེར་དང་གྲོང་རྡལ་ཞིག་འཕེལ་རྒྱས་གཏོང་བར་ཁེ་ལས་སྔོན་ལ་འཇོག་དགོས་ལ་རྒྱལ་ཁབ་ཅིག་འཕེལ་རྒྱས་གཏོང་བར་ཡང་དེ་ལས་མ་འདས།

     སྔར་སོང་ལ་ཕྱིར་མིག་བལྟས་ན། དངོས་ཚན་དཔལ་འབྱོར་ནི“རྐང་པ་བརྟན་པོར་འཛུགས་པའི་རྨང་གཞི”ཡིན།

     སྔོན་ལ་གྲངས་གཞི་ཞིག་ལ་བལྟས་ན། 2024ལོར་རང་རྒྱལ་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར་ཁྲི་40.5ཟིན་ནས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་བཅུ་ཆ་གསུམ་ཙམ་ཟིན་ཡོད། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པ་བར་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་6.1%འཕར་ནས་དཔལ་འབྱོར་འཕར་བར་སྐུལ་ཁྲིད་ཐུབ་ཚད་བརྒྱ་ཆའི་གྲངས་1.8ཟིན་ཡོད།

     སླར་ཡང་གྲངས་གཞི་གཞན་ཞིག་ལ་བལྟས་ན། དངོས་ཚན་དཔལ་འབྱོར་གྱིས་ལས་ཞུགས་བསྡུས་པའི་མི་གྲངས་དུང་ཕྱུར་4ལྷག་ཙམ་ཟིན་ནས་རྒྱལ་ཡོངས་ཀྱི་ལས་ཞུགས་མི་འབོར་གྱི་ཕྱེད་ཀ་ཡན་བཟུང་ཡོད། 《2025ལོའི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་སྙན་ཞུ》ལས་མངོན་པར། ཀྲུང་གོར་གོ་ལ་ཧྲིལ་པོའི་སྟོབས་ཆེན་བརྒྱའི་གསར་གཏོད་ཚོ་འདུས་24ཡོད་ཅིང་། འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། དེའི་ནང་ཧྲེན་ཀྲེན་དང་། ཤང་ཀང་། ཀོང་ཀྲོའུ་བཅས་ཀྱི་ཚོ་འདུས་ཀྱི་མིང་གྲལ་གོ་ལ་ཧྲིལ་པོའི་ཨང་དང་པོར་ཐེངས་དང་པོ་སླེབས་པ་རེད།

     འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། དངོས་ཚན་དཔལ་འབྱོར་ནི་སྔར་བཞིན་གལ་ཆེའི་ནང་གི་འགངས་ཆེ་ཞིག་ཡིན།

     རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཐོན་ལས་དཔལ་འབྱོར་ཞིབ་འཇུག་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཡན་གྱིས། “ཐོན་ལས་ནི་དཔལ་འབྱོར་གྱི་རྨང་གཞི་ཡིན། དེང་རབས་ཅན་གྱི་ཐོན་ལས་མ་ལག་གིས་ཐོན་སྐྱེད་དང་འཛད་སྤྱོད་དང་འབྲེལ་མཐུད་བྱས་ནས་རྒྱལ་དམངས་དཔལ་འབྱོར་ཁྲོད་འགག་རྩའི་ལྟེ་བའི་གནས་བབ་བཟུང་བ་དང་། དེ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བའི་དམ་འཛིན་བྱེད་གཞི་གལ་ཆེན་ཞིག་རེད”ཅེས་བཤད།

     “ད་ཆ་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་རང་ས་ཅན་དང་ས་ཁོངས་ཅན་གྱི་འཕེལ་ཕྱོགས་ལ་སྔར་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པས། ཆ་ཚང་རང་བཞིན་དང་། སྔོན་ཐོན་རང་བཞིན། བདེ་འཇགས་རང་བཞིན་བཅས་ཀྱི་ནང་གནས་བླང་བྱ་ཡིན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་ཚེ་རྒྱལ་སྤྱིའི་འགྲན་རྩོད་ཁྲོད་འཐབ་ཇུས་ཀྱི་རང་འགུལ་ཐོབ་པར་ཕན་ཐོགས་ཡོད”ཅེས་ལི་ཡན་གྱིས་བཤད།

     དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་པར་སྐུལ་འདེད་བཏང་བ།

     དངོས་ཚན་དཔལ་འབྱོར་གྱིས་འདེགས་སྐྱོར་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཇི་ལྟར་བསྐྲུན་དགོས་སམ།

     དུས་དང་བར་མཐོངས་ཀྱི་ཁྲོད་དུ“ལོ་ལྔ་ཚན་བཅུ་བཞི་པའི”རིང་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པར་རྨང་གཞི་བརྟན་པོ་བཏིང་ཡོད།

     རྨང་གཞི་དེ་བས་བརྟན་པ། བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་གིས་གོ་ལ་ཧྲིལ་པོའི་བསྡུར་ཚད་30%ཙམ་བཟུང་བ་དང་སྤྱིའི་གཞི་ཁྱོན་ལོ་15བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོ་རྒྱུན་འཁྱོངས་བྱས་པ་དང་། བཟོ་ལས་ཐོན་རྫས་གཙོ་བོ་504ཡི་ཁྲོད་ཐོན་རྫས་མང་ཆེ་བའི་ཐོན་འབབ་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད་པ་རེད།

     སྟོབས་ཤུགས་དེ་བས་ཆེ་བ། “ཟླ་བའི་ལྷ་མོ”རྟགས་ཅན་ཟླ་བའི་གོ་ལར་བབས་པ་དང་། “ཐན་ཧོ”རྟགས་ཅན་བར་སྣང་དུ་བསྡད་པ། “བྱང་སྐར་སྤུན་བདུན”སྲུང་སྐར་གྱི་དྲ་རྒྱ་ཆགས་པ། རང་རྒྱལ་ནས་ཐོན་པའི་གནམ་གྲུ་ཆེ་གྲས་ཚོང་ལས་གཉེར་སྐྱོང་ནང་ཞུགས་པ་སོགས“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཀྲུང་གོའི་བཟོ་སྐྲུན་ཐད་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་ནས་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ཀྱི་མིང་གྲལ་ཁྲོད། རང་རྒྱལ་ཉིད་གོ་ལ་ཧྲིལ་པོའི་ཨང་དང་པོ་ནས་བཅུ་པའི་གྲས་སུ་ཐེངས་དང་པོ་སླེབས་ཡོད།

     ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཧོང་ཆུན་ཧུའེ་ཡིས“དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པར་འགག་རྩ་ནི་དངོས་ཚན་དཔལ་འབྱོར་རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད”ཅེས་བཤད།

     བཟོ་གྲྭ་རྙིང་པ་ཞིག་ཏུ་སྐྱོད་སྐབས“རིག་ནུས་ཅན”གྱི་གསར་བརྗེས་སྟོབས་ཤུགས་ཚོར་ཐུབ།

     ཧྲང་ཧའེ་རླངས་སྒུལ་འཕྲུལ་འཁོར་བཟོ་གྲྭ་ནི་ཀྲུང་གོ་གསར་པའི་རླངས་སྒུལ་འཕྲུལ་འཁོར་བཟོ་སྐྲུན་ཁེ་ལས་དང་པོ་དེ་ཡིན། ད་ཆ་ཁེ་ལས་ཀྱི་སྒྲོ་གཤོག་འཁོར་ཁང་དུ་སྐྱོད་སྐབས་མདའ་ལྔའི་མཉམ་འགུལ་ཁྲོ་སྟེགས་མགྱོགས་མྱུར་འཁོར་སྐྱོད་བྱེད་པ་དང་རྩིས་ཐབས་ཀྱིས་རང་འགུལ་ངང་ཐོན་སྐྱེད་བྱེད་པ་མཐོང་ཐུབ།

     “རིག་ནུས་གསར་བརྗེ”དེའི་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་སྟེ། ཐོན་སྐྱེད་ནུས་ཤུགས་སྲོལ་རྒྱུན་གྱི་རྣམ་པ་ལས་12%ནས་15%བར་མཐོ་རུ་ཕྱིན་ནས་ཧྲང་ཧའེ་རླངས་སྒུལ་འཕྲུལ་འཁོར་བཟོ་གྲྭ་དེ་ལས་རིགས་ཀྱི་སྣེ་ཁྲིད་པར་གྱུར་ཡོད།

     ལས་རིགས་ཤིག་ལ་ལྟ་ཞིབ་བྱས་ན“ལྗང་མདོག་ཅན”གྱི་གསོན་ཤུགས་ཆེན་པོ་མྱོང་ཚོར་ཐུབ།

     གྲངས་གཞི་ཞིག་ལ་བསྡུར་བ་བྱས་ན། 2010ལོར་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ལོ་རེའི་ཐོན་ཚད་ཁྲི་1ཡང་ཟིན་གྱི་མེད་པ་ནས་2024ལོར་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་ཚང་མ་ཁྲི་1200ལྷག་ཙམ་ཟིན་ནས་སིམ་འཛུལ་ཐུབ་ཚད་40.9%ཟིན་ཡོད།

     ལོ་10ལྷག་ཙམ་འཕེལ་རྒྱས་གཏོང་རིང་། རང་རྒྱལ་གྱིས་ལྗང་མདོག་ཅན་ཕྱོགས་སྒྱུར་གྱི་གོ་སྐབས་དམ་འཛིན་བྱས་ནས། འགྲན་ལམ་སྔོན་ལ་བསྒྱུར་ཏེ་རྒྱལ་སྤྱིའི་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་གྲུབ་ཅིང་། ད་ཆ་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་ལོ་10བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ནས་གོ་ལ་ཧྲིལ་པོའི་རླངས་འཁོར་ཕྱིར་གཏོང་གི་རྒྱལ་ཁབ་ཆེ་གྲས་ཨང་དང་པོར་གྱུར་ཡོད།

     ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་བཏོད་པ།

     “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོར་བལྟས་ཚེ། གླེང་ཕྱོགས་གསར་པ་ཞིག་ལ་མི་རྣམས་ཀྱིས་དོ་ཁུར་བྱེད་པ་སྟེ། གསར་དར་ཀ་རྟེན་ཐོན་ལས་ཧུར་ཐག་གཏོད་རྒྱུ་དེ་རེད། གང་འདྲ་ཞིག་ལ་གསར་དར་ཀ་རྟེན་ཐོན་ལས་ཟེར་རམ།

     “གསར་དར་ཀ་རྟེན་ཐོན་ལས་ལ་གསར་དར་ཐོན་ལས་དང་ཀ་རྟེན་ཐོན་ལས་གཉིས་ཀྱི་ཁྱད་ཆོས་དང་ཤུགས་རྐྱེན་ལྡན་དགོས” ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་བཟོ་ལས་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཆུས་ཧྲེན་ཉིང་གིས་དབྱེ་ཞིབ་བྱས་པ་ལྟར་ན། དེས་རྒྱལ་དམངས་དཔལ་འབྱོར་ཁྲོད་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་བཟུང་ཡོད་ལ། དཔལ་འབྱོར་འཕར་བར་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ཐོན་པ་མ་ཟད། ལག་རྩལ་གྱི་འདུས་ཚད་དང་ཟུར་སྣོན་རིན་ཐང་ཅུང་མཐོ་པོ་ལྡན་ཡོད་པ་རེད།

     འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ནས་གསར་དར་ཀ་རྟེན་ཐོན་ལས་བར། གསར་དར་ཐོན་ལས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གསར་པའི་ལས་འགན་ལྕི་པོ་འཁུར་རྒྱུ་རེད།

     འདི་ནི་དཔལ་འབྱོར་འཕར་བའི་འཇུར་མིག་སེལ་བའི་དངོས་ཡོད་དགོས་མཁོ་རེད།

     མིག་སྔའི་གནས་ཚུལ་ལ་ལྟ་ཞིབ་བྱས་ཚེ། སྲོལ་རྒྱུན་གྱི་གཙོ་གནད་ཐོན་ལས་ཁག་གཅིག་གིས་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱེད་པའི་ཕན་འབྲས་རིམ་བཞིན་ཇེ་ཞན་དུ་འགྲོ་བཞིན་ཡོད།

     “རྡོ་སྣུམ་རྫས་འགྱུར་བཟོ་ལས་སོགས་ཐོན་ལས་ལ་རྒྱལ་ནང་གི་དགོས་མཁོ་ཆེ་ཤོས་ཀྱི་གནད་དོན་འཕྲད་སྲིད་པའི་ཁར་རྒྱལ་སྤྱིའི་ཚོང་དོན་ཁོར་ཡུག་ཇེ་སྡུག་ཏུ་ཕྱིན་པར་བརྟེན། སྲོལ་རྒྱུན་གྱི་གཙོ་གནད་ཐོན་ལས་ཁག་གཅིག་གི་གཞི་ཁྱོན་ཆེ་རུ་གཏོང་བར་འགྲན་སློང་ཧ་ཅང་ཆེན་པོ་འཕྲད་ཡོད”ཅེས་ཆུས་ཧྲེན་ཉིང་གིས་བཤད་པ་དང་། ཁོང་གིས། དཔལ་འབྱོར་ལུགས་མཐུན་ངང་འཕར་བ་རྒྱུན་འཁྱོངས་བྱེད་དགོས་ན་ངེས་པར་དུ་གསར་དར་ཀ་རྟེན་ཐོན་ལས་མགྱོགས་མྱུར་བསྐྲུན་ནས་ལས་ཞུགས་རྒྱ་སྐྱེད་དང་ཡོང་འབབ་མང་དུ་གཏོང་བར་འདེགས་སྐྱོར་བརྟན་པོ་བྱེད་དགོས་ཞེས་བཤད།

     དེ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད།

     གསར་དར་ཀ་རྟེན་ཐོན་ལས་ལ་ལས་རྣམ་དཔེ་དབྱིབས་གསར་པ་དང་། ལག་རྩལ་འདུས་ཚད་མཐོ་བ། ལྗང་མདོག་རྨང་གཞི་འདང་ངེས། འཕར་བའི་མི་མངོན་པའི་སྟོབས་ཤུགས་ཆེ་བ། ཕྱོགས་བསྡུས་ཕན་འབྲས་བཟང་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། ཆུས་ཧྲེན་ཉིང་གིས“གསར་དར་ཀ་རྟེན་ཐོན་ལས་དེ་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི‘རིམ་སྤོར་དཔེ་དབྱིབས’ལ་བརྩིས་ནས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་ངོ་བོའི་རང་བཞིན་གྱི་མཆོང་སྐྱོད་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད”ཅེས་བཤད།

     གསར་དར་ཀ་རྟེན་ཐོན་ལས་བཏོད་པར་རྨང་གཞི་བརྟན་པོ་ཡོད།

     སྔོན་དཔག་གྲངས་གཞི་ལས་མངོན་པར། 2025ལོར་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་འཕར་ཐང་གིས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་བཟུང་ཚད་17%ལྷག་ཙམ་ཟིན་རྒྱུ་ཡིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་བརྒྱ་ཆའི་གྲངས་5.3ཙམ་གྱིས་མཐོ་བ་ཡོད་པ་རེད།

     གསར་དར་ཀ་རྟེན་ཐོན་ལས་བཏོད་པར་འབྱུང་འགྱུར་གྱི་བར་མཐོངས་ཆེན་པོ་ཡོད།

     རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲེན་ཧྲན་ཅེ་ཡིས“‘ལོ་ལྔ་ཚན་བཅོ་ལྔ་པའི’འཆར་འགོད་ནང‘ནུས་རྒྱུ་གསར་པ་དང་། རྒྱུ་ཆ་གསར་པ། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད། དམའ་དབྱིངས་དཔལ་འབྱོར་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཚོ་འདུས་མགྱོགས་མྱུར་འཕེལ་རྒྱས་གཏོང་དགོས’ཞེས་པའི་གྲོས་འགོ་བཏོན་པ་དེས་སྒོར་དུང་ཕྱུར་ཁྲི་ཁ་ཤས་རིམ་པ་དང་ཐ་ན་གཞི་ཁྱོན་དེ་བས་ཆེ་བའི་ཁྲོམ་ར་གཏོད་པར་སྐུལ་མ་ཐེབས་རྒྱུ་རེད”ཅེས་བཤད།

     དམའ་དབྱིངས་དཔལ་འབྱོར་ནི་དཔེ་མཚོན་གྱི་གྲས་ཤིག་རེད།

     གནའ་བོའི་ཤུག་སྡོང་གིས་བརྒྱན་པའི་སི་ཁྲོན་ཞིང་ཆེན་ཙི་ཐུང་རྫོང་ཆི་ཆུས་རི་བོའི་མཛེས་ལྗོངས་ཁུལ་དུ་ནགས་ཚལ་སྐོར་གཡེང་ཐད་ལས་རོགས་གསར་པ་ཞིག་ཡོད་པ་སྟེ། སྐོར་གཡེང་བས་ལག་ཐོགས་ཁ་པར་མནན་ཐེངས་གཅིག་ལ་སྤྱི་ལེ་3གྱི་ཕྱི་རོལ་དུ་ཡོད་པའི་འཕྲུལ་སྟེགས་དལ་བུས་ཁ་ཕྱེ་ནས་མི་མེད་གནམ་གྲུ་མཁའ་དབྱིངས་སུ་འཕུར་ཏེ་གཏན་འཁེལ་བྱས་པའི་ལམ་ཐིག་བརྒྱུད་ཕྱོགས་ཡོངས་དང་ཁུག་ཆ་མ་ལུས་པར་སྐོར་གཡེང་བྱེད་ཀྱི་ཡོད།

     ཀྲུང་གོ་སྒུལ་བདེ་སི་ཁྲོན་ཙི་ཐུང་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲའོ་སུང་པའེ་ཡིས“སྤྱི་ལེ་ངོས་གྲུ་20ལྷག་ཙམ་གྱི་ལྟེ་བའི་ཁུལ་དུ་མི་མེད་གནམ་གྲུས་སྐར་མ་30ནང་སྐོར་ཞིབ་ལེགས་འགྲུབ་ཐུབ་པ་དང་། དུ་བའི་སྔོན་བརྡའི་རྩད་ཞིབ་དུས་ཚོད་སྐར་མ་20ནས་སྐར་མ་2བར་ཐུང་དུ་ཕྱིན་ཡོད”ཅེས་བཤད།

     སྐོར་ཞིབ་མི་མེད་གནམ་གྲུ་ནས་རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུ་བར་དང་། དེ་ནས“བར་སྣང་མི་བཞུགས་མཁའ་སྐྱོད་ཡོ་བྱད”བར་ད་ལོ་རང་རྒྱལ་གྱི་དམའ་དབྱིངས་དཔལ་འབྱོར་གྱི་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་1.5ཟིན་རྒྱུ་དང་2035ལོར་སླེབས་སྐབས་སྒོར་དུང་ཕྱུར་ཁྲི་3.5ཟིན་རེ་ཡོད་པ་རེད།