གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་28ཉིན། 14:58】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
《BMJབསམ་པའི་འཕྲོད་བསྟེན་》དུས་དེབ་གསར་ཤོས་སུ་གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཇིའི་ལོན་ཏོན་རྒྱལ་པོའི་སློབ་གླིང་གིས་འགོ་ཁྲིད་བྱས་པའི་རྒྱལ་སྤྱིའི་ཚོགས་པའི་ཞིབ་འཇུག་གསར་པ་ཞིག་ལས་མངོན་པར། ཉིན་ལྟར་འཚིག་ཇ་ཕོར་པ་3ནས་4ལས་མི་བརྒལ་བར་བཏུངས་ན་སེམས་ཁམས་ཀྱི་ནད་རིགས་ཚབས་ཆེ་བའི་ནད་པའི་ཕྲ་ཕུང་རྒས་རིམ་ཇེ་དལ་དུ་གཏོང་བར་ཕན་ཐོགས་ཡོད་པ་རེད།
ཕྲ་ཕུང་གི་སྣེ་རྡོག་ལོ་ཚད་དང་བསྟུན་ནས་རིམ་བཞིན་ཇེ་ཐུང་དུ་འགྲོ་བ་དང་། སྨྱོ་ནད་ནད་དང་ཟུང་མཚན་ཡིད་འགྱུར་གྱི་བར་གེགས་སོགས་སེམས་ཁམས་ཀྱི་ནད་ཚབས་ཆེ་བའི་ནད་པའི་ཁྲོད། ཕྲ་ཕུང་རྒས་རིམ་ཇེ་ཐུང་དུ་འགྲོ་བའི་གོ་རིམ་དེ་བས་མངོན་གསལ་དོད་པོ་ཡོད།
འཚིག་ཇ་འདུ་རིམ་གྱིས་སྣེ་རྡོག་རིང་ཚད་ལ་ཤུགས་རྐྱེན་ཐེབས་མིན་ཤེས་རྟོགས་ཐུབ་ཆེད། ཞིབ་འཇུག་ཚོགས་པས་ནོར་ཝེའི་“བརྗོད་བྱ་གཙོ་བོའི་རྩ་འཛུགས་རང་བཞིན་གྱི་སེམས་ཁམས་ནད་རིགས་ཞིབ་འཇུག་”ལ་ཞུགས་མཁན་ཁྲོད་ཀྱི་དར་མ་436གྱི་གཞི་གྲངས་ལ་དབྱེ་ཞིབ་བྱས་པ་རེད། མཇུག་འབྲས་ལས་མངོན་པ་ལྟར་ན། ཉིན་རེར་འཚིག་ཇ་ཕོར་པ་3ནས་4འཐུང་མཁན་གྱི་སྣེ་རྡོག་རིང་ཚད་དེ་འཚིག་ཇ་མི་འཐུང་མཁན་ལས་མངོན་གསལ་གྱིས་རིང་བ་ཡོད་མོད། འོན་ཀྱང་ཉིན་རེར་ཕོར་པ་5ཡན་འཐུང་མཁན་ལ་དེ་དང་འདྲ་བའི་འཕེལ་ཕྱོགས་མངོན་མེད། ཁྱད་པར་འདི་ཐ་མག་འཐེན་པ་དང་། ལོ་ཚད། ཕོ་མོ། སྨན་གྱིས་སྨན་བཅོས་བྱེད་པ་སོགས་ཀྱི་རྒྱུ་རྐྱེན་ལེགས་སུ་བཏང་རྗེས་སྔར་བཞིན་གནས་ཡོད།
དོ་སྣང་བྱེད་དགོས་པ་ཞིག་ནི། ཞིབ་འཇུག་ཁང་གིས་བསྟན་པའི་“ཕོར་པ་3ནས་4བར་”ཞེས་པ་དེ་རིམས་ནད་རིག་པའི་རྒྱུན་སྤྱོད་བརྗེ་རྩིས་རྒྱུན་དུ་སྤྱོད་ཀྱི་ཡོད་དེ། ཕོར་པ་གང་རེར་འཚིག་ཇའི་རྒྱུ་ཧ་ལམ་ཧའོ་ཁེ་80ནས་100བར་འདུས་ཡོད། དེང་རབས་ཚོང་ལས་འཚིག་ཇ་ཚོང་ཁང་གི་འཐུང་ཆུ་ཤོང་ཚད་དེ་བས་ཆེ་བ་དང་། འཚིག་ཇའི་རྒྱུ་འདུས་ཚད་ཀྱང་དེ་བས་མང་བ་ཡོད། དེར་བརྟེན། མྱུར་ཞུའི་འཚིག་ཇ་འཐུང་བའམ་ཡང་ན་རང་ཁྱིམ་དུ་ཕོར་པ་ཆུང་ངུར་འཚིག་ཇ་བཟོས་ནས་འཐུང་མཁན་ངོས་ནས་བཤད་ན། ཉིན་རེར་ཕོར་པ་3ནས་4བར་ནི་ཅུང་འཚམ་པོ་རེད། འོན་ཀྱང་ཨ་རིའི་ལུགས་ཀྱི་ཚོང་ལས་ཕོར་པ་ཆེན་པོ་དེ་འདྲར་བཏུངས་ན། ཕོར་པ་1-2ནི་ཞིབ་འཇུག་ཁྲོད་ཆེས་བཟང་བའི་འཇུ་ཚད་འཚམ་ཤོས་ཡིན་སྲིད།ཞིབ་འཇུག་ཚོགས་པས་ཞིབ་འཇུག་འདི་ནི་ལྟ་ཞིབ་རང་བཞིན་གྱི་ཞིབ་འཇུག་ཡིན་པས། འཚིག་ཇ་ཉིད་ཀྱིས་སྣེ་རྡོག་རིང་དུ་གཏོང་བ་ར་སྤྲོད་བྱེད་ཐབས་མེད་པ་མ་ཟད། འཚིག་ཇའི་རིགས་དང་འཐུང་བའི་དུས་ཚོད། འཚིག་ཇའི་རྒྱུ་འདུས་ཀྱི་བཏུང་བྱ་གཞན་དག་སོགས་འགལ་རྐྱེན་བཟོ་སྲིད་པའི་རྒྱུ་རྐྱེན་ཐོ་འགོད་བྱས་མེད་པ་ནན་བཤད་བྱས་པ་རེད།