འཚོལ་བཤེར།   
藏文频道
2026ལོའི་ཟླ་1ཚེས་8ཉིན།

༄༅།།དར་མདོའི་ཡུལ་ལྗོངས་ལྟ་ན་སྡུག དེ་ལས་རྒྱུ་ལའི་ཉེན་རྟོག་མཛེས།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 01ཚེས་08ཉིན། 14:49】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཟླ་1ཚེས་1ཉིན་གནམ་ལོ་གསར་པའི་ཞོགས་པའི་ཉི་གཞོན་ཐོག་མ་རྒྱུ་ལའི་རི་རྩེར་ད་དུང་འཕྲོས་མེད་ཀྱང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དར་རྩེ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་རྒྱུ་ལའི་ཉེན་རྟོག་ས་ཚིགས་ཀྱི་ཀྲེན་ཀྲང་བསོད་ནམས་རྡོ་རྗེ་དེ་གའི་གྲང་རླུང་གིས་གཉིད་ལས་སད།

     སྔས་འགྲམ་གྱི་ལག་ཐོགས་ཁ་པར་ཡར་བླངས་ཏེ་ས་བཀྲའི་མཉེན་ཆས་ཁ་ཕྱེ་ནས་ཁོངས་གཏོགས་ཁུལ་གྱི་སྤྱི་ལེ་150ལྷག་ཙམ་གྱི་གཞུང་ལམ་འགགས་ཡོད་མེད་བལྟས་རྗེས། གནམ་གཤིས་བལྟ་སའི་མཉེན་ཆས་ནས་ཉིན་དེའི་དྲོད་ཚད་དང་། རླུང་ཤུགས། ཁ་བ་འབབ་ཚད་བཅས་གང་འདྲ་ཡིན་ཚུལ་བལྟས། དེ་ནི་བསོད་ནམས་རྡོ་རྗེས་ཉིན་ལྟར་ཡང་སྐོར་བསྐྱར་སྐོར་དུ་བྱེད་པའི་ལས་ཀ་ཞིག་རེད།

     ས་བབ་སྨི་4298ཟིན་པའི་རྒྱུ་ལའི་ཉག་ཁར་ཀྲོང་ངེར་འགྱིང་པའི་ཉེན་རྟོག་ལས་སྒྲུབ་ས་ཚིགས་ནི་རྒྱལ་ཡོངས་ཀྱི་སྤྱི་བདེ་ཚན་པའི་བང་རིམ་ཁྲོད་ས་བབ་མཐོ་ཤོས་ཀྱི་ཉེན་རྟོག་ལས་སྒྲུབ་ས་ཚིགས་ཀྱི་གྲས་ཤིག་ཡིན་པ་དང་། ས་ཚིགས་དེ་བསྐྲུན་ནས་ལོ་11སོང་རིང་། མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་30ལྷག་ཙམ་དེ་གར་སྔ་གཞུག་ཏུ་འོང་ནས་རླངས་འཁོར་དང་འགྲུལ་པ་ཕར་འགྲོ་ཚུར་འོང་ཁྲོད་ལས་དོན་བསྒྲུབས། ཁོང་ཚོ་རྒྱལ་ལམ་318འགྲམ་གྱི་ལམ་ཚད་རྡོ་རིང་བཞིན་འདྲེན་བྱེད་ཡུལ་དུ་མངོན་གསལ་དེ་ཙམ་ཆེན་པོ་མེད་ནའང་མེད་ཐབས་མེད་པ་ཞིག་ཏུ་གྱུར་ཡོད།

     རྒྱུ་ལ་བརྒྱབ་རྗེས་གཞི་ནས་ས་མཐོར་སླེབས་པར་བརྩི་ཡི་ཡོད།

     རྒྱལ་ལམ་318ཀྱི་འགག་མདོར་གནས་པའི་རྒྱུ་ལ་ནི་ཁྲོན་བོད་གཞུང་ལམ་ཐོག་འཕྲེད་དུ་ཆགས་པའི་གངས་རི་དང་པོ་ཡིན་པར་བརྟེན། མི་རྣམས་ཀྱིས“ཁམས་ཀྱི་འགག་སྒོ་དང་པོ”ཞེས་འབོད་ཀྱི་ཡོད།

ལོ་གསར་གྱི་ངལ་གསོའི་རིང་། ཉག་ཁར་རླངས་འཁོར་གྱི་རྒྱུན་ཆད་རྒྱུ་མེད་པས། ཉེན་རྟོག་ལས་སྒྲུབ་ས་ཚིགས་ཀྱི་ཉེན་རྟོག་པ་ཚོ་ཞོགས་པའི་ཆུ་ཚོད་བདུན་པ་ནས་ལས་ཀ་བྱེད་འགོ་ཚུགས།

     ས་བབ་སྨི་2500ལྷག་ཙམ་ཟིན་པའི་དར་རྩེ་མདོ་གྲོང་ཁུལ་ནས་རྡོག་ཐོན་གྱིས་ལ་རྒྱག་འགོ་ཚུགས། ཀྲོང་ངེར་འགྱིང་བའི་གསོམ་ཤིང་རིམ་པས་ཐུང་དུ་ཕྱིན་ནས་སྐྱ་ཐེར་ཐེར་གྱི་སྤང་ལྗོངས་ཡོད་སར་སླེབས་པ་དང་དེ་ནས་ས་བབ་སྨི་4298ཡོད་སར་སླེབས་སྐབས། རླངས་འཁོར་དལ་གྱིས་གྱེན་ལ་འཛེགས་ནས་གུག་ཆ་མཐའ་མ་བརྒལ་དུས་གསར་འགོད་པའི་ཆུ་ཚོད་ནས“ཁྲག་ནང་གི་གསོ་རླུང་འདུས་ཚད་79ལས་མེད་པས་ལ་དུག་ལྕི་པོ་བརྒྱབ་ཚུལ” མངོན། དེ་རྗེས་ཁེར་རྐྱང་དུ་གནས་པའི་ཉེན་རྟོག་པའི་ལས་སྒྲུབ་ས་ཚིགས་ཤིག་འདྲེན་བྱེད་ཡུལ་དུ་སྣང་འོང་ཞིང་། དེ་ནི་རྡོ་ལས་གྲུབ་པའི་ཐོག་དཔངས་དམའ་བའི་བོད་ཁང་ཐོག་སོ་གཉིས་ལྡན་ཞིག་ཡིན་པ་དང་། ཁང་པའི་འགྲམ་ན་གངས་ཞུ་རྫས་བླུགས་པའི་འགྱིག་ཕད་བཅུ་ལྷག་ཙམ་སྤུངས་ཡོད་པ་དང་། གངས་འཕྱག་སྦྱག་མ་གྲལ་འགྲིག་པོས་གྱང་ལྡེབས་ལ་བཀོན་ནས་བཞག་པ་ཕུད། ད་དུང་ལྕགས་སྐུད་ཐག་པ་སྦོམ་ཕྲ་མི་གཅིག་པ་བདུན་བརྒྱད་ཙམ་མཐོང་རྒྱུ་འདུག

     ཉེན་རྟོག་ལས་སྒྲུབ་ས་ཚིགས་ལ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་14ཡོད་པ་དེ་དག་གི་ཆ་སྙོམས་ལོ་ཚད་ལོ་30ཡང་ཟིན་གྱི་མེད་ཀྱང་། ལོ་འཁོར་མོར་དྲག་ཆར་རླུང་འཚུབ་ཀྱིས་གཙེས་པས་ངོ་གདོང་ནས་རྒས་ཉམས་ཤིག་ངང་གིས་མངོན་ལ། གསོ་རླུང་མི་འདང་བའི་རྐྱེན་གྱིས་མཆུ་ཏོ་ཡང་དམར་སྨུག་ཆགས་པ་མ་ཟད། གཟུགས་པོར་གྱོན་པའི་ཉེན་རྟོག་པའི་གྱོན་ཆས་ཀྱི་དཔུང་པའི་ཚོན་མདོག་ཀྱང་ལོག་འདུག

     “ས་ཚིགས་ཐོག་མར་འཛུགས་སྐབས་དང་བསྡུར་ཚེ་ད་ཆ་ཆ་རྐྱེན་ཧ་ཅང་ཡག་ཏུ་ཕྱིན་ཡོད། གཅེན་པོ་བློ་བཟང་ཡོད་པའི་སྐབས་འཚོ་བ་དངོས་གནས་དཀའ་ངལ་ཆེན་པོ་རེད”ཅེས་བསོད་ནམས་རྡོ་རྗེས་རྒྱབ་ཀྱི་ཁྲོན་པ་གསར་པར་མཛུབ་མོ་འཛུགས་བཞིན་དུ་བཤད་པ་དང་། ཁོང་གིས་དབྱར་ཁ་གྲོག་ཆུ་འཐུང་བ་དང་། དགུན་ཁ་གངས་ཆུ་ལེན་པ། ལྕི་བ་བུད་ནས་དྲོད་ཁུག་ཐབས་བྱེད་པའི་སྐོར་གླེང་སྐབས་སེམས་འགུལ་ཐེབས་པ་ཞིག་འདུག

     2015ལོར་ཀོང་ཤིས་ནས་རང་འཁོར་བཏང་ནས་ཡུལ་སྐོར་དུ་འོང་མཁན་ཞིག་རྒྱུ་ལར་ལས་འཛོལ་ཐོན་ནས་རླངས་འཁོར་ཨ་ལོག་བརྒྱབ་སྟེ་གཡང་གཟར་གྱི་རི་ལྡེབས་ཤིག་ཏུ་ཟགས་ཡོད་པ་རེད། བློ་བཟང་གིས་སྐྱོབ་པར་འོང་སྐབས་ཡུལ་སྐོར་བ་དེ་དྲན་པ་ཐོར་ནས་ཡོད། བློ་བཟང་གིས་རྨས་མ་རླངས་འཁོར་ནང་ནས་བཏོན་ཏེ། རྒྱབ་ཏུ་ཁུར་ནས་ཆུ་ཚོད་གཅིག་ལྷག་ཙམ་ཕྱིན་རྗེས། གཞུང་ལམ་ཡོད་སར་སླེབས་ནས་མྱུར་སྐྱོབ་རླངས་འཁོར་ནང་བླུགས་ཤིང་། དེ་དུས་རྨས་མའི་ཁྲག་གིས་ཁོང་གི་གདོང་དང་། གཟུགས་པོ། ལག་པ་བཅས་འཚོས་ཡོད་པ་རེད། “དེ་དུས་ཡུལ་སྐོར་བ་དེ་སྐྱོབ་བསམ་པ་མ་གཏོགས་བསམ་བློ་གཞན་གང་ཡང་འཁོར་གྱི་མི་འདུག”ཅེས་བཤད།

     མྱུར་སྐྱོབ་ཐུབ་མེད་པའི་གནས་ཚུལ་ཤེས་རྗེས། མེ་མདས་རྨས་ཀྱང་མིག་ཆུ་ཤོར་མ་མྱོང་བའི་ཁམས་པའི་ཕོ་རྒོད་དེ་ཉིན་དེར་མིག་ཆུ་དབང་མེད་དུ་ཤོར་བ་རེད།

     འདས་པའི་བགྲང་བྱ་11གི་རིང་། རྒྱུ་ལའི་རྒྱལ་ལམ་དེ་ཐོག་མའི་ཕྱོགས་གཉིས་སུ་འཁོར་ལམ་གཉིས་ནས་ད་ལྟའི་འཁོར་ལམ་གསུམ་བར་རྒྱ་ཆེ་རུ་བཏང་བ་དང་། རླངས་འཁོར་འཇོག་ས་9བསྐྲུན་པས་རླངས་འཁོར་འགག་པའི་གནས་ཚུལ་ཧ་ཅང་ཉུང་དུ་ཕྱིན་ཡོད། གཞུང་ལམ་བདག་སྐྱོང་བས་སྔོན་མ་བཞིན་མི་ཐབས་ལ་བརྟེན་མི་དགོས་པར་གངས་འཕྱག་རླངས་འཁོར་གྱིས་གངས་འཁྱག་གཙང་མར་འཕྱག་པ་དང་། འཕྲུལ་འཁོར་ཆེ་གྲས“ཡུལ་ལྗོངས་ལམ་ཆེན”འདི་བརྒྱུད་ནས་ས་མཐོར་བསྐྱོད་དེ་འཕྲང་འགག་རེ་རེ་བཞིན་ལ་ཕུག་ལམ་ཕིགས་ཏེ་ཡུལ་མི་དང་ཡུལ་སྐོར་བ་ཁྲི་སྟོང་དུ་མར་སྟབས་བདེ་བསྐྲུན་ཡོད།

     རླུང་བུས་ཉེན་རྟོག་པའི་ལས་སྒྲུབ་ས་ཚིགས་ཀྱི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་། གནམ་ལོ་གསར་ཚེས་ཀྱི་ཉི་གཞོན་ཉེན་རྟོག་པའི་ལས་སྒྲུབ་ས་ཚིགས་ཀྱི་གྱང་ལ་འཕྲོ་སྐབས། གསར་འགོད་པས“འདི་གར་གསོ་རླུང་དཀོན་ཡང་། ལས་སྒྲུབ་ཀྱི་ལྷག་བསམ་ལྡན”ཞེས་པའི་ཡིག་འབྲུ་དམར་པོ་དེ་དག་མཐོང་བྱུང་།