འཚོལ་བཤེར།   
藏文频道
2026ལོའི་ཟླ་2ཚེས་12ཉིན།

ཞུས་ཆིང་མིན་གྱིས།

༄༅།།གྲངས་གཞིའི་ལས་ལ་གཞོལ་ཏེ་ས་མཐོའི་སྐྱེ་ཁམས་སྲུང་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 02ཚེས་12ཉིན། 15:03】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་གྱི་གསར་འགོད་པ། ཆའོ་ཏུང་།

མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་འཇལ་ལྟེ་གནས་ཀྱི“མཚོ་སྔོན་སྐྱེ་ཁམས་སྐར་ཁུང”ནང་། གྲངས་འཛིན་གྱི་བརྙན་ཤེལ་ཆེན་པོར་ཡངས་པའི་གཙང་གསུམ་ཆུ་འགོའི་ས་གཞི་ཆེན་པོའི་རྣམ་པ་ཡོངས་སུ་མངོན། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་འཇལ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཞུས་ཆིང་མིན་གྱི་ངོས་ནས་བཤད་ན། གྲངས་གཞིར་ལྟ་ཞིབ་ཚད་འཇལ་བྱ་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བ་དང་ལག་རྩལ་པ་ཞིག་ཡིན་པའི་ཁོང་གིས་ལོ་ལྟར་ས་གནས་ས་ཐོག་ཏུ་ཞིབ་དཔྱད་བྱེད་པ་དང་གྲངས་གཞི་རེ་རེ་བཞིན་བཤེར་དགོས་ཀྱི་ཡོད།

ཙོང་ཆུའི་འབབ་རྒྱུད་ཀྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་ལག་བསྟར་བྱེད་རིང་ཞུས་ཆིང་མིན་གྱིས“གལ་ཏེ་སྡེ་ཚན་ཁག་གིས་དུས་ཐོག་ཏུ་གྲངས་གཞི་མཉམ་སྤྱོད་བྱས་ཚེ་ཐོན་བཟོ་ཡོད་པའི་གནད་དོན་མང་དག་ཅིག་ཤེས་རྟོགས་ཐུབ་ཀྱི་ཡོད། དཔེར་ན་འབྲེལ་ཡོད་སྟོན་རྟགས་ལ་ལྟ་ཞིབ་ཚད་འཇལ་བྱས་པ་བརྒྱུད་ནགས་ལས་རྩྭ་ཐང་སྡེ་ཚན་གྱིས་ས་ཆུ་ཤོར་བའི་གནས་ཚུལ་སླར་གསོར་དབྱེ་ཞིབ་ཐུབ་པ་དང་སྐྱེ་ཁམས་སྡེ་ཚན་གྱིས་བཅད་ངོས་ཀྱི་སྦགས་བཙོག་དངོས་པོའི་གར་ཚད་ཆུང་དུ་ཕྱིན་པ་ཤེས་རྟོགས་ཐུབ་ནས་གྲངས་གཞི་ཐར་ཐོར་དེ་རིགས་རིག་ནུས་ཀྱིས་དབྱེ་ཞིབ་དང་བསྡུ་སྒྲིལ་བཏང་བ་བརྒྱུད་གོམ་སྟབས་རྗེས་མའི་ལས་དོན་ལ་མཛུབ་ཁྲིད་ནུས་པ་ཆེན་པོ་ཐོན་གྱི་ཡོད་པའི”བསམ་གཞིགས་བྱས་པ་རེད།

དུས་ཐོག་དང་། མཉམ་སྤྱོད། གཅིག་གྱུར་བཅས་ཀྱི་ཚད་གཞིའི་སྐྱེ་ཁམས་ལྟ་ཞིབ་ཚད་འཇལ་གྱི་གྲངས་གཞིའི་མ་ལག་བཙུགས་པ་དེ་ནི་མཚོ་བོད་ས་མཐོར་སྔར་བྱུང་མ་མྱོང་བ་ཞིག་རེད། ན་ནིང་ཞུས་ཆིང་མིན་གྱིས་ཧྲན་ཏུང་དང་ཅང་སུའུ་སོགས་ཞིང་ཆེན་མང་པོར་བཅར་འདྲི་བྱས་ཏེ་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱས་པ་མ་ཟད་ཁོང་གིས་ད་ལོའི་ཚོགས་འདུ་གཉིས་རིང་གྲོས་འགོ་འདོན་རྒྱུར་ཁ་ཕྱོགས་གཏན་འཁེལ་བྱས་པ་སྟེ། མཚོ་སྔོན་གྱི་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་གྲངས་གཞི་ཆེ་མོའི་ལྟེ་གནས་འཛུགས་སྐྲུན་ལ་འཚོལ་ཞིབ་དང་སྐུལ་འདེད་གཏོང་དགོས་ཞེས་པ་དེ་རེད།

གནམ་གཤིས་ཅུས་སུ་འགྲོ་བ་དང་ས་ཚིགས་ལ་བལྟས་ཏེ་ས་གནས་ས་ཐོག་ཏུ་ཚད་འཇལ་ཟིན་ཐོ་འགོད་རྒྱུ་དེ་ནི་མཚོ་བོད་ས་མཐོའི་དྲོད་གཤེར་འགྱུར་ལྡོག་འཕེལ་ཕྱོགས་ལས་ལྟ་ཞིབ་ཚད་འཇལ་བྱེད་པར་བླང་བྱ་དེ་བས་མཐོ་བ་བཏོན་པ་ཞིག་ཡིན་པ་དང་ལོར་ཆ་སྙོམས་དྲོད་ཚད་ཇི་ཙམ་འཕར་བ་དང་ཆར་ཆུ་འབབ་ཚད་ཇི་ཙམ་མང་དུ་ཕྱིན་པ་ཚང་མ་སེམས་ནང་གདེང་ཚོད་ཡོད་དགོས་པ་དང་། གྲངས་གཞི་ཅུས་སུ་འགྲོ་བ་དང་རིགས་གཅིག་མཁས་ཅན་ལ་སྐད་ཆ་དྲིས་ཏེ་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་གྲངས་གཞི་ཆེ་མོའི་ལྟེ་གནས་བཏོད་དེ་སྡེ་ཚན་གང་དག་གི་གྲངས་གཞི་གསེད་བཀྲོལ་དང་བསྡུ་སྒྲིལ་བྱེད་ཆོག་པ་དང་གྲངས་གཞིའི་ལས་སྟེགས་ཀྱི་རྨང་གཞི་ཇི་ལྟར་བྱས་ཏེ་བསྐྲུན་དགོས་པའི་གནད་དོན་དེ་དག་ལས་ཞུས་ཆིང་མིན་གྱི་ཆེད་ལས་ཟམ་མི་ཆད་པར་བྱང་ཆ་ལྡན་པར་ཕན་ཐོགས་ཆེན་པོ་བྱུང་ཡོད།

མཚོ་སྔོན་ཟི་ལིང་ལ་དེ་སྔ“གནའ་བོའི་མཛེས་ལྗོངས་བརྒྱད”ཡོད་པའི་ཡ་གྱལ་ཞིག་ནི“བྱང་རིའི་ཆར་ཟིམ”ཡིན་ཞིང་། ཟི་ལིང་གི་ལྷོ་རི་བྱང་རི་རྒྱུན་མཐུད་སྔོ་འགྱུར་དང་ཙོང་ཆུའི་འབབ་རྒྱུད་ཀྱི་ལས་གྲྭ་ལག་བསྟར་བྱས་ཚུན་བྱང་རིའི་ཆར་ཟིམ་གྱི་རྣམ་པ་བསྐྱར་དུ་མངོན་ཡོད། རིང་མིན་གོང་འཚོགས་པའི་མཚོ་སྔོན་ཞིང་ཆེན་གྱི་ཚོགས་འདུ་གཉིས་ཀྱི་ཐོག་ཞུས་ཆིང་མིན་ཟུར་ཞུགས་བྱས་པ་དང་འཐུས་མི་ཚོས་དོན་དག་དེའི་སྐོར་གླེང་བ་ཐོས་སྐབས་ཁོང་གིས“གྲོས་འགོ་གཅིག་ནི་ཤོག་བུ་དང་ཡི་གེ་ཙམ་མིན་པར་དེས་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཐོབ་སྣང་སྦྱིན་ཐུབ་ཀྱི་ཡོད”ཅེས་མྱོང་ཚོར་ཆེན་པོས་བཤད།