འཚོལ་བཤེར།   
藏文频道
2026ལོའི་ཟླ་7ཚེས་28ཉིན།

མཚོ་སྔོན་ཡུལ་ཤུལ་དུ།

༄༅།།ཚོང་ཁང་ཆུང་ཡང་བྲིན་ཁ་རྒྱུག དཔལ་འབྱོར་འཕེལ་རྒྱས་ལམ་བུ་ཡངས།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཙེ་ཤིང་། ཝུའེ་ཧུང་དབྱི།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 07ཚེས་28ཉིན། 09:04】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

དབྱར་གཞུང་དུ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ལོ་གཅིག་དུས་གཅིག་གི་འཁྲུག་ཆ་དོད་པའི་ཡུལ་སྐོར་དུས་ཚིགས་བསུས་ཡོད། ཡུལ་ཤུལ་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་ཁམས་པའི་ཡུལ་སྲོལ་ཁྲོམ་གཞུང་གི་སྣེ་མོར་ཆགས་པའི་གཡུ་ཆུ་ཁ་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་ཚོང་ཁང་ནས་ལྕགས་རིགས་རྡུང་བའི་སྒྲ་ལྷང་ལྷང་དུ་གྲགས་ཤིང་། ཚོང་ཁང་གི་སྦྱིན་བདག་ཚེ་སྒྲོལ་མས་ཡུལ་སྐོར་བ་ཁ་ཤས་ཁྲིད་དེ་ཁོང་ཚོར་བོད་གྲི་རྡུང་བཟོའི་ལག་རྩལ་ཉམས་ལེན་བྱེད་དུ་འཇུག་བཞིན་ཡོད།

ཚེ་སྒྲོལ་མས། ཡུལ་ཤུལ་གྲོང་ཁྱེར་ཨ་ཁྲོ་ཤང་གི་བོད་གྲི་རྡུང་བཟོའི་ལག་རྩལ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཤིག་རེད། འོན་ཀྱང་། དེ་སྔ་བོད་གྲི་གཅིག་གམ་ཡང་ན་བོད་བཟོའི་སྐེ་རགས་དངུལ་ཤན་མ་གཅིག་གི་འཛའ་ཐང་སྒོར་ཁྲི་ཁ་ཤས་ཟིན་པས་འཛད་སྤྱོད་པས་ཉོ་ཐུབ་ཀྱི་མེད། དེས་ན། ཐོན་རྫས་དེ་དག་འགྲེམས་སྒྲོམ་ནང་བཞག་ནས་འགྲེམས་སྟོན་བྱེད་རྒྱུ་ལས་མ་འདས། བཟོ་རྩལ་ཡག་པོ་ག་ཚོད་ཡོད་རུང་ཡོང་འབབ་ལ་འགྱུར་ཧ་ཅང་ཁག་པོ་ཡོད་ཅེས་ངོ་སྤྲོད་བྱས།

ཚེ་སྒྲོལ་མས“ཐོན་རྫས་གང་ཞིག་ཡིན་རུང་ངེས་པར་དུ་ཁྲོམ་རའི་དགོས་མཁོར་བསྟུན་དགོས་ཤིང་། ད་ཆ་འཛད་སྤྱོད་པས་སོས་དལ་བག་ཕེབས་ཀྱི་འཚོ་བ་ལོངས་སུ་སྤྱོད་ཀྱི་ཡོད་སྟབས། རང་སེམས་ལ་སྤྲོ་སྣང་སྦྱིན་ཐུབ་པའི་དངོས་རྫས་ལ་དགའ་པོ་བྱེད་ཀྱི་ཡོད། དེས་ན། སྲོལ་རྒྱུན་གྱི་མངོན་མིན་རིག་གནས་ཤུལ་བཞག་ཀྱང་དུས་བསྟུན་མདུན་སྐྱོད་བྱེད་དགོས”ཞེས་བོད་གྲི་རྡུང་མཁན་ཉི་རྒྱལ་དང་སྤེལ་རེས་ཡང་སེ་བྱས་པ་བརྒྱུད། ཚོང་ཁང་གིས་སྲོལ་རྒྱུན་གྱི་བོད་གྲི་རྡུང་བཟོའི་ལག་རྩལ་གྱི་ལྟེ་བའི་བཟོ་རྩལ་ཁ་ཕྲལ་ནས་བཙོ་སྦྱངས་བྱས་ཏེ། མཛུབ་དཀྲིས་དང་། རྣ་རྒྱན། ཇ་སྣོད། རྒྱན་ཆས་བླུག་སྒམ་སོགས་ཐོན་རྫས་ཆུང་གྲས་དེ་བས་མང་བ་ཞིབ་བཟོ་བྱེད་ཀྱི་ཡོད། འཛད་སྤྱོད་པས་ཚོང་ཁང་གི་ལག་ཤེས་པའི་མཛུབ་ཁྲིད་འོག རང་ཉིད་ངོ་མས་རང་བློར་བབས་པའི་ནོར་བུའི་རྒྱན་ཆར་ཕྲ་རྒྱན་བཏབ་ཆོག

“ཉམས་ལེན་གྱི་ཚོར་སྣང་ཡོད་ལ་སྤྲོ་སྣང་རང་བཞིན་ཡང་ལྡན་པས་འཛད་སྤྱོད་ཀྱི་ཆ་རྐྱེན་འཕྲལ་མར་དམའ་རུ་འགྲོ་ཐུབ”ཅེས་ཚེ་སྒྲོལ་མས་བཤད།

རང་ཉིད་ཀྱིས་བཟོས་པའི་དངོས་པོ་ཆུང་ཆུང་དག་པེ་ཅིང་དང་ཧྲང་ཧའེ་སོགས་སུ་བཙོངས་ཐུབ་པ་དང་ཁྱིམ་གྱི་སྒོ་འགྲམ་ནས་ཟླ་རེར་གླ་ཕོགས་སྒོར་ཁྲི་ཙམ་རག་པའི་ཉི་རྒྱལ་གྱིས་སེམས་འགུལ་ཚད་མེད་ཐེབས་བཞིན“ང་ཚོའི་ཁྱིམ་རྒྱུད་མི་རབས་གཉིས་ཀྱིས་བོད་གྲི་བཟོ་སྐབས་མངགས་ཐོ་ཐར་ཐོར་ལས་མེད། ད་ཆ་ཉིན་ལྟར་ལས་ཀ་བྱེད་རྒྱུ་ཡོད་པས་ཡོང་འབབ་བརྟན་ལ་སྐུ་མགྲོན་མང་པོས་དགའ་པོ་བྱེད་ཀྱི་འདུག ངས་ལག་རྩལ་འདི་རྒྱུན་འཛིན་བྱེད་ཀྱི་ཡིན”ཞེས་བཤད།

ཚེ་སྒྲོལ་མའི་ཚོང་ཁང་ཆུང་ཆུང་ནི་ཡུལ་ཤུལ་ཀྲོའུ་ཡི་སྲོལ་རྒྱུན་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་ཙམ་ཡིན་པ་དང་དེ་ནི་རིག་གནས་ཡུལ་སྐོར་སྲིད་ཇུས་ཀྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། དེ་སྔའི་ཁམས་པའི་ཡུལ་སྲོལ་སྲང་ལམ་གྱི་ཡུལ་ལྗོངས་ཡག་པོ་མེད་ལ་ཚོང་ཁང་སྟོང་པ་མང་བ་དང་ཚོང་ཟོག་ཉོ་བར་ཡོང་མཁན་དེ་ཙམ་མེད། སྲིད་གཞུང་དང་རིག་གནས་ཡུལ་སྐོར་སྡེ་ཚན་གྱི་གཅིག་གྱུར་འཆར་འགོད་འོག་བཅའ་སྡོད་ཁེ་ལས་གདམ་གསེས་ཞིབ་ཚགས་བྱས་པ་མ་ཟད། བོད་ཆས་དང་། ཐང་ག ལུས་གསོ་ཉམས་ལེན་སོགས་ཀྱི་ཚོང་ཁང་ཆུང་གྲས་གཅིག་རྗེས་གཉིས་མཐུད་ངང་ཞུགས་པར་བོགས་དངུལ་གཟིགས་སྐྱོང་བྱས་པས་དེ་སྔ་ཁུ་སིམ་མེར་གནས་པའི་ཁྲོམ་གཞུང་དེ་འཁྲུག་ཆ་དོད་དུ་ཕྱིན་ཡོད།

གསར་འགོད་པས་ཁྲོམ་གཞུང་ནས་ཚོང་ཁང་ཚང་མའི་གཞི་ཁྱོན་དེ་ཙམ་ཆེན་པོ་མེད་ཀྱང་རང་རང་གི་ཁྱད་ཆོས་ལྡན་པ་དང་ཚོང་ཁང་མང་ཆེ་བས་རིག་གནས་ཡུལ་སྐོར་ཐོན་ལས་གཉེར་སྐྱོང་བྱེད་ཀྱི་ཡོད་པ་མཐོང་བྱུང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོའི་ཟླ་5པའི་བར་ཡུལ་ཤུལ་ཀྲོའུ་རུ་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཁྱོན་དུད་ཚང་ཁྲི་2.8ལྷག་ཙམ་ཡོད་པའི་ནང་ཁེར་རྐྱང་བཟོ་ཚོང་དུད་ཚང་ཁྲི་2ལྷག་ཙམ་ཡོད་པ་རེད།

ཚོང་ཁང་ཆུང་ཆུང་དེ་བས་མང་བ་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོན་པ་དེ་ནི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། གཞུང་ལམ་གསར་པ་འཛུགས་སྐྲུན་བྱེད་པ། ཉིང་ལག་གནམ་ཐང་ཤར་གཏོང་ཐུབ་པ་བཅས་ལས་བྱུང་བས་རང་སོ་སོའི་ཁྱད་ཆོས་ལྡན་པའི་དངོས་པོ་དེ་བས་མང་བ་ས་མཐོ་ནས་ཕྱིར་གཏོང་ཐུབ་པ་དང་ཚོང་དོན་དང་རིག་གནས་སྤེལ་རེས་དེ་བས་མང་བ་ས་མཐོ་ནས་ཕྱིར་ཐོན་ཐུབ་པ་བྱུང་ཡོད།

ཡུལ་ཤུལ་གྱི་ས་གནས་དེ་གའི་ཚོང་པ་པད་མ་སྒྲོལ་མཚོས་གཉེར་སྐྱོང་བྱེད་པའི་བོད་ཆས་ཚོང་ཁང་ཆུང་ཆུང་དེའི་བྲིན་ཁ་རྒྱུག་ཤོས་ཀྱི་ཐོན་རྫས་ནི་ནེ་པ་ལའི་རྒྱན་གོས་ཡིན་པ་རེད། རྨ་བྱའི་རི་མོ་འཚེམ་དྲུབ་བརྒྱབ་པའི་ནེ་པ་ལའི་རས་ཀྱི་ཁན་སྦྱར་གཅིག་ལག་ཏུ་བླངས་ནས་པད་མ་སྒྲོལ་མཚོས“ནེ་པ་ལའི་རས་ནི་ལག་པས་བཏགས་པ་ཤ་སྟག་ཡིན་སྟབས་རི་མོ་གྲ་རྒྱས་ལ་ཚོས་གཞི་ཡག་པས་ང་ཚོའི་འདི་གར་གཉེན་སྒྲིག་བྱེད་སྐབས་ནེ་པ་ལའི་རས་ཀྱིས་བཟོས་པའི་བོད་ཆས་ངེས་པར་དུ་ཉོ་གི་ཡོད”ཅེས་བཤད།

འགྲིམ་འགྲུལ་སྟབས་བདེ་རུ་དང་མྱུར་སྐྱེལ་ལས་རིགས་འཕེལ་རྒྱས་ཕྱིན་པར་བརྟེན་པད་མ་སྒྲོལ་མཚོས་ནེ་པ་ལའི་སྡེབ་ཚོང་ཚོང་པར་ཁ་པར་བརྒྱབ་ཚེ་དངོས་ཟོག་ཁྱིམ་དུ་སྐྱེལ་གྱི་ཡོད། ད་ཆ་ཁོང་གིས་ད་དུང་དྲ་ཐོག་ཚོང་ཁང་བཙུགས་ཡོད་པས་པེ་ཅིང་དང་། ཧྲང་ཧའེ། ཁྲེང་ཏུའུ་བཅས་ཀྱི་སྐུ་མགྲོན་དེ་བས་མང་བས་ཉོ་གི་ཡོད་སྟབས་ཚོང་ཡག་པོ་ཡོད་པ་རེད།

གྲངས་གཞི་ལས་མངོན་པར། 2025ལོར་ཡུལ་ཤུལ་ཀྲོའུ་ཡིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་270.13ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་18.64ཟིན་པ་དེ་དུས་མཚུངས་ལས་29%དང་37%སོ་སོར་འཕར་ཡོད་པ་རེད།

གློག་སྒྲོན་སྤར་མ་ཐག་བོད་བཟོའི་རྒྱན་ཆ་བཟོ་ཁང་ནས་རྒྱན་ཆ་བཟོ་བའི་སྒྲ་གྲགས་པ་དང་། ཇ་ཁང་ནས་མར་དང་རྩམ་པའི་དྲི་ཞིམ་འཐུལ་བ། ན་གཞོན་སྦྱིན་བདག་ཚོས་སྒྲོམ་སྟེགས་ཐོག་རང་ཡུལ་གྱི་ཐོན་ཁུངས་སྒྲིག་པ། མྱུར་སྐྱེལ་ཕོ་གསར་སྲང་ལམ་དུ་ཕར་འགྲོ་ཚུར་འོང་བྱེད་པ་སོགས་ཀྱི་རྣམ་པ་མཐོང་རྒྱུ་ཡོད། ཚོང་ཁང་ཆུང་ཆུང་ཡིན་རུང་གྲོང་ཁྱེར་གྱི་ཁྲག་རྩ་ཕྲ་མོ་དང་འདྲ་བར་གྲོང་ཁྱེར་ཞིག་གི་རྣམ་པ་བཟང་པོ་བཏོད་དེ་ཡར་ཐོན་གྱི་གསོན་ཤུགས་དེ་བས་ཆེ་བ་འཕེལ་བར་བྱས་ཡོད།

(ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གློག་འཕྲིན)