འཚོལ་བཤེར།   
藏文频道
2026ལོའི་ཟླ་8ཚེས་7ཉིན།

༄༅།།རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་པའི་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་ཁག་བཅུ་གཉིས་པའི་འོས་སྐུལ་བྱས་འབྲས་གསལ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 08ཚེས་07ཉིན། 11:01】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་8ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་པའི་སྨན་རྫས་གཅིག་སྡུད་འབོར་བཅད་ཉོ་སྒྲུབ་ཁག་བཅུ་གཉིས་པའི་འོས་སྐུལ་བྱས་འབྲས་གསལ་བསྒྲགས་བྱས་ཤིང་། ད་ཐེངས་གཅིག་སྡུད་ཉོ་སྒྲུབ་བྱ་རྒྱུའི་སྨན་རྫས་སྣ་ཁ་65ཡོད་པ་ཚང་མ་ཉོ་སྒྲུབ་ཐུབ་ཅིང་། དེའི་གྲས་སུ་གཉན་ཁ་འགོག་པ་དང་། སྐྲན་ནད་འགོག་པ། ཁྲག་མངར་གཅོག་པ། ཁྲག་ཤེད་གཅོག་པ། ཁྲག་ཚིལ་གཅོག་པ་སོགས་ཁྱབ་ཁོངས་ཀྱི་རྒྱུན་སྤྱོད་སྨན་རྫས་ཚུད་ཡོད། རྒྱལ་ཡོངས་ཀྱི་སྨན་བཅོས་སྒྲིག་གཞི་ཁྱོན་ཁྲི་4.5ཡིས་ཉོ་སྒྲུབ་སྨན་རྫས་ཀྱི་གྲངས་འབོར་སྙན་སེང་ཞུས་པ་དང་། སྨན་བཅོས་ཁེ་ལས་ད་ཐེངས་ཀྱི་གཅིག་སྡུད་ཉོ་སྒྲུབ་ནང་ཧུར་ཐག་ཞུགས་པ། ཁེ་ལས་327གྱི་ཐོན་རྫས་521ལ་འདེམས་པའི་ཐོབ་ཐང་ཐོབ་ཡོད།

     ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་གཅིག་སྡུད་ཉོ་སྒྲུབ་ལས་གཤམ་གསལ་སྣང་ཚུལ་འགའ་མངོན་པ་སྟེ།

     “ནད་ཐོག་སྨན་བཅོས་ཀྱི་སྨན་རྫས་འགན་ལེན”བྱས་ནས་སྣ་མང་སྨན་སྤྱོད་ཀྱི་དགོས་མཁོ་དེ་བས་ཡག་པོ་བསྐངས་པ། སྨན་བཅོས་སྒྲིག་གཞིས་སྨན་རྫས་ཀྱི་སྤུས་རྟགས་གཞིར་བཟུང་གྲངས་འབོར་སྙན་ཞུ་འབུལ་བའི་བྱ་ཐབས་རྒྱུན་འཁྱོངས་བྱས་ཏེ། “ཡང་བསྐྱར”འདེམས་པའི་སྒྲིག་སྲོལ་ལེགས་སུ་བཏང་ཡོད། བདམས་ཐོན་བྱུང་འབྲས་ནས་བལྟས་ན། ནད་ཐོག་སྨན་བཅོས་ཁྲོད་ཁས་ལེན་ཆེན་པོ་ཐོབ་པ་དང་སྤུས་ཚད་དང་མཁོ་སྤྲོད་ལ་འགན་སྲུང་ཡོད་པའི་གཙོ་རྒྱུན་ཁེ་ལས་མང་ཆེ་བ་བདམས་ཐོན་བྱུང་ཡོད།

     “ནང་རུལ་བཀག་ནས”ལས་རིགས་ལ་ལུགས་མཐུན་འགྲན་རྩོད་བྱེད་རྒྱུའི་ཁྲིད་སྟོན་བྱས་པ། ད་ཐེངས་ཀྱི་གཅིག་སྡུད་ཉོ་སྒྲུབ་སྒྲིག་སྲོལ་ལ་ནང་རུལ་འགོག་ཤུགས་ཆེ་རུ་བཏང་སྟེ། རིམ་པ་2ཀྱི་རྒྱུན་གཏན་མིན་པའི་རིན་གོང་དམའ་པོར་དོགས་ཟོན་བྱ་ཐབས་སྤྱད་པ་སྟེ། ཁེ་ལས་ཀྱིས་བཏོན་པའི་རིན་གོང་དེ་སྙོམས་ཐང་ལས་ཚད་གཞི་ངེས་ཅན་དམའ་བ་ཡོད་ཚེ། རིན་གོང་ཧེ་བག་ཚོད་འཛིན་བྱེད་པའི་ཚད་གཞིར་མི་བརྩིས་པ་དང་། ཁེ་ལས་ཀྱིས་བཏོན་པའི་རིན་གོང་དེ་སྙོམས་ཐང་ལས་ཧ་ཅང་དམའ་བ་ཡོད་ཚེ། འོས་སྐུལ་གྲས་སུ་ཚུད་ཀྱང་སྨན་རྫས་མང་པོ་ཉོ་སྒྲུབ་མི་བྱེད་པ་དང་བདམས་ཐོན་བྱུང་བའི་གྲས་སུ་མ་བཅུག་པར། རིན་གོང་ཧ་ཅང་དམའ་བ་ལས་སྤྱི་ཡོངས་ཀྱི་འགྲན་རྩོད་རྣམ་པ་དང་རིན་གོང་མ་ལག་ལ་ཤུགས་རྐྱེན་མི་ཐེབས་པ་བྱས་ཡོད།

    “སྤུས་ཚད་འགན་ལེན”བྱས་ནས་སྤུས་ཚད་ལྟ་འདོམས་ཀྱི་བླང་བྱ་ནན་དུ་བཏང་བ། ཉོ་སྒྲུབ་གྲོས་མཐུན་གྱི་དུས་ཡུན་ནང་བདམས་ཐོན་བྱུང་བའི་སྨན་རྫས་ཀྱི་རིམ་པ་ཕབ་ནས་ཐུམ་སྒྲིལ་སྒྱུར་མི་ཆོག་པའི་བླང་བྱ་བཏོན་ཡོད། རྒྱལ་ཕྱིར་འདྲ་བཟོས་སྨན་རྫས་ཐོན་སྐྱེད་བྱེད་པའི་འོས་ཐོབ་དང་ཆ་རྐྱེན་མཐོ་རུ་བཏང་ནས་ཀྲུང་གོའི་སྨན་རྫས་ལྟ་འདོམས་སྡེ་ཚན་གྱི་ཞིབ་བཤེར་ཐོབ་པའི་དཔང་ཡིག་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

     “མཁོ་སྤྲོད་འགན་ལེན”བྱས་ནས་གཞི་རིམ་གྱི་སྨན་སྤྱོད་འགན་ལེན་བྱེད་སྟངས་ལེགས་སུ་བཏང་བ། འབྲེལ་ཟབ་སྨན་བཅོས་མཉམ་འབྲེལ་ཚོགས་པས་སྤྱི་ཡོངས་ཀྱི་མིང་ཐོག་ནས་སྨན་རྫས་ཀྱི་གྲངས་འབོར་གཅིག་གྱུར་སྙན་ཞུ་འབུལ་བར་སྐུལ་ལྕག་བྱེད་པ་དང་། གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིའི་དགོས་མཁོ་གཅིག་སྡུད་བྱེད་ཚད་མཐོ་རུ་བཏང་སྟེ། གྲངས་འབོར་ཉུང་བ་དང་དགོས་མཁོ་ཁ་ཐོར་བའི་རྐྱེན་གྱིས་མཁོ་སྤྲོད་བྱ་ཡུལ་ཐར་ཐོར་དུ་མི་འགྱུར་བ་བྱས་ནས་བདམས་ཐོན་བྱུང་བའི་ཁེ་ལས་ཀྱི་མཁོ་སྤྲོད་སྡེབ་སྐྱེལ་གྱི་ཧུར་སེམས་ཆེ་རུ་བཏང་ཡོད།

     མིག་སྔའི་བར། རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་པའི་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་ཁག་12ཀྱི་ནང་རིམ་རྩིས་བརྒྱབ་ན་སྨན་རྫས་སྣ་ཁ་555ཚུད་ཡོད། སྔོན་དཔག་བྱས་ན་ནད་པར་ད་ལོའི་ནང་ཚུན་དུ་གཅིག་སྡུད་ཉོ་སྒྲུབ་ཁག་བཅུ་གཉིས་པ་བྱས་རྗེས་རིན་གོང་བཅག་པའི་བདམས་ཐོན་སྨན་རྫས་སྤྱོད་ཐུབ་རྒྱུ་རེད།