གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 08ཚེས་07ཉིན། 11:02】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ལོ་སྟོད་དུ། མཚོ་སྔོན་ཞིང་ཆེན་གྱིས་ལས་ཞུགས་བརྟན་པོ་དང་། དམངས་འཚོར་ཕན་འདོགས་པ། འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་ལ་མཉམ་དུ་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱས་པས། གྲོང་མི་ཡོངས་ཀྱི་ཡོང་འབབ་བརྟན་པོ་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་ཧེ་བག་ཆུང་དུ་རྒྱུན་མཐུད་ཕྱིན་པ། དམངས་འཚོ་འགན་སྲུང་གི་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཡོད། ཞིང་ཆེན་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་15203ཟིན་པ་དེ་དུས་མཚུངས་ལས་5.5%འཕར་ཏེ། རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད(5.2%)ལས་བརྒྱ་ཆའི་གྲངས་0.3གྱིས་མཐོ་བ་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31གི་ཁྲོད་ཨང་10པར་སླེབས་ནས། དུས་ཚིགས་དང་པོའི་འཕེལ་ཕྱོགས་བཟང་པོ་རྒྱུན་མཐུད་ཐུབ་ཡོད།
ལོ་སྟོད་དུ། མཚོ་སྔོན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21764ཟིན་པ་དེ་དུས་མཚུངས་ལས་4.5%འཕར་བ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་7728ཟིན་པ་དེ་དུས་མཚུངས་ལས་6.5%འཕར་ཡོད། གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་འཕར་ཚད་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་ཚད་ལས་བརྒྱ་ཆའི་གྲངས་2.0གྱིས་འཕར་མགྱོགས་པ་ཡོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་བསྡུར་ཚད་ནི་ལོ་གོང་མའི་དུས་མཚུངས་ཀྱི་2.87ནས་2.82བར་ཆུང་དུ་ཕྱིན་ཏེ། ཧེ་བག་སྔར་བས་ཆུང་དུ་ཕྱིན་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་ནི། གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་ལ་དུས་ཚིགས་ཀྱི་ཤུགས་རྐྱེན་ཐེབས་ཆེ་ཞིང་། ལོ་ཧྲིལ་པོའི་དུས་ཚིགས་ཁག་གི་ཡོང་འབབ་དོ་མི་སྙོམས་པ་དང་། ལྷག་པར་དུ་དུས་ཚིགས་གཉིས་པ་ནི་གྲོང་གསེབ་ཀྱི་ཡུལ་མིའི་ངོས་ནས་བརྗོད་ན་ཡོང་འབབ་ཉུང་བའི་དུས་ཡིན་ལ། ཞོར་ལས་ཡོང་འབབ་གསོག་པའི་དུས་བབ་དེ་ཙམ་ཡག་པོ་མེད་པ་དང་ཞིང་འབྲོག་ཐོན་རྫས་ཚོང་དཀའ་བས་རེད།
འབབ་ཁུངས་ནས་བལྟས་ན། ལོ་སྟོད་དུ། ཞིང་ཆེན་ཡོངས་ཀྱི་གྲོང་མིའི་རྣམ་གྲངས་ཆེན་པོ་བཞིའི་ཡོང་འབབ་ཕྱོགས་ཡོངས་ནས་འཕར་བའི་རྣམ་པ་མངོན་ཡོད། དེའི་ནང་། གླ་ཆའི་རང་བཞིན་གྱི་ཡོང་འབབ་དང་ཚོང་གཉེར་གྱི་ཡོང་འབབ་ཁེ་གཙང་ནི་ཡོང་འབབ་འཕར་བར་སྐུལ་སྤེལ་གཏོང་མཁན་གཙོ་བོ་རེད། ཞིང་ཆེན་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་གླ་ཆའི་རང་བཞིན་གྱི་ཡོང་འབབ་སྒོར་9243ཟིན་པ་དེ་དུས་མཚུངས་ལས་4.9%འཕར་ཏེ་བསྡུར་ཚད་ཀྱི་60.8%བཟུང་བ་དང་། ལེགས་སྐྱེས་འབུལ་ཚད་53.8%ཟིན་པ་མ་ཟད། ཡོང་འབབ་བརྒྱ་ཆའི་གྲངས་2.9འཕར་བར་ཡང་སྐུལ་སྤེལ་ཐུབ་ཡོད་པས། དེ་ནི་ཡོང་འབབ་འཕར་བར་སྐུལ་སྤེལ་གཏོང་མཁན་གཙོ་བོར་གྱུར་ཡོད། ཞིང་ཆེན་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཚོང་གཉེར་ཡོང་འབབ་ཁེ་གཙང་སྒོར་1992ཟིན་པ་དེ་དུས་མཚུངས་ལས་11.8%འཕར་ཏེ་བསྡུར་ཚད་ཀྱི་13.1%བཟུང་བ་དང་། ལེགས་སྐྱེས་འབུལ་ཚད་26.3%ཟིན་པ་མ་ཟད། ཡོང་འབབ་བརྒྱ་ཆའི་གྲངས་1.5འཕར་བར་ཡང་སྐུལ་སྤེལ་ཐུབ་ཡོད་པ་རེད།
ཕྱི་རོལ་གྱི་བཟའ་བཏུང་དང་བསྲེགས་ཟས་སོགས་ཀྱི་འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་འཁྲུག་ཏུ་ཕྱིན་ནས་ཚགས་ཤ་དང་ལུག་ཤའི་འཛད་སྤྱོད་དགོས་མཁོ་ཆེ་རུ་ཕྱིན་པ་དང་། སྔོ་ཚལ་དང་ཆུ་གྲང་ཉ་སོགས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་པོ་ཕྱིན་ནས་ཐོན་ལས་དང་པོའི་གཉེར་སྐྱོང་ཡོང་འབབ་ཁེ་གཙང་བརྟན་པོ་འཕར་བར་རམ་འདེགས་ཐུབ་ཡོད། ཞིང་ཆེན་ཡོངས་སུ་འཛད་སྤྱོད་དར་སྤེལ་སྲིད་ཇུས་རྒྱུན་མཐུད་དོན་འཁྱོལ་བྱས་ཤིང་། ཟི་ལིང་གྲོང་ཁྱེར་གྱི“བྱ་དགའ་ཡོད་པའི་འཛིན་ཤོག”བྱེད་སྒོ་དང་། ས་གནས་ཁག་གི་དམངས་སྲོལ་དུས་སྟོན་བྱེད་སྒོ། དེ་བཞིན་མར་སུན་འགྲན་རྒྱུག་དང་མཚོ་སྔོན་གྱི་རྐང་རྩེད་སྤོ་ལོའི་རིམ་འདས་འགྲན་བསྡུར་སོགས་ཀྱི་འགྲན་བསྡུར་བྱེད་སྒོ་བཅས་ལས་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་ཆེས་ཆེར་འཕེལ་ཡོད། རྒྱལ་ཡོངས་སུ་ཚ་བ་ཆེ་བའི་གནམ་གཤིས་བསྟན་པས། མཚོ་སྔོན་དུ“ཚ་གཡོལ་ཡུལ་སྐོར”ལ་ཡོང་མཁན་རྒྱུན་མཐུད་མང་དུ་ཕྱིན་ཞིང་། ཡུལ་སྐོར་བ་དང་ཡོང་འབབ་མང་དུ་མངོན་གསལ་དོད་པོ་ཕྱིན་ནས་སྡེབ་ཚོང་སིལ་ཚོང་དང་། འགྲིམ་འགྲུལ་སྐྱེལ་འདྲེན། ཞག་སྡོད་བཟའ་བཏུང་སོགས་འབྲེལ་ཡོད་ལས་རིགས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་ནུས་ལྡན་ཐུབ་ཡོད།