འཚོལ་བཤེར།   
藏文频道
2026ལོའི་ཟླ་8ཚེས་7ཉིན།

༄༅།།“དེང་རབས་ཅན་གྱི་ཐོན་ལས་མ་ལག་ཡག་པོ་སྐྲུན་དགོས”

འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཀྲེ་ཆང་། ལིའུ་ཝུན་ཤིན།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 08ཚེས་07ཉིན། 11:12】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     དེང་རབས་ཅན་གྱི་ཐོན་ལས་མ་ལག་ནི་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་དངོས་པོ་དང་ལག་རྩལ་གྱི་རྨང་གཞི་ཡིན་ཞིང་། དེ་ནི་ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད།

    ཟླ་7ཚེས་30ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོཌ་འདུའི་ཐོག“དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་སྐྲུན་དགོས”ཞེས་དང་། “ལག་རྩལ་གསར་ཤོས་ཚད་བརྒལ་དང་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། གསར་དར་གཙོ་རྟེན་ཐོན་ལས་ཧུར་ཐག་བཏོད་དེ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་རྒྱུན་མཐུད་གཏོང་དགོས”ཞེས་བསྟན་གནང་ཡོད།

     “ལོ་འདི་དག་རིང་། རང་རྒྱལ་གྱི་དཔལ་འབྱོར་གྱིས་དྲག་ཆར་རླུང་འཚུབ་མང་པོ་གདོང་གིས་བསུས་ནས། སྙུགས་ཤེད་དང་གསོན་ཤུགས་ཆེན་པོ་རྒྱུན་འཁྱོངས་བྱས་པ་དང་། འཐབ་ཇུས་ཀྱི་བརྟེན་ས་ནི་ཆ་ཚང་བའི་ཐོན་ལས་མ་ལག་རེད” “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འགོ་ཚུགས་ལོའི་སློབ་ཚན་དང་པོར”འཕེལ་རྒྱས་ཀྱི་གཏན་ཚིགས་གསལ་སྟོན་གཏིང་ཟབ་གནང་ནས། “དེང་རབས་ཅན་གྱི་ཐོན་ལས་མ་ལག་ཡག་པོ་སྐྲུན་དགོས”ཞེས་ནན་བཤད་གནང་ཡོད།

     དུས་རབས་གསར་པ་ཤར་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་ཡག་པོ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་ཀྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་པར་འཐབ་ཇུས་བཀོད་སྒྲིག་གལ་ཆེན་གནང་ནས། ཀྲུང་གོའི་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་འདིང་བ་དང་མདུན་སྐྱོད་བརྟན་པོ་ཐུབ་པར་ཁྲིད་སྟོན་གནང་ཡོད།

     འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ། “དཔལ་འབྱོར་འཕེལ་རྒྱས་ཀྱི་ཤུགས་རྒྱག་ས་དེ་དངོས་ཚན་དཔལ་འབྱོར་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས”

     ད་ལོའི་ཟླ་4པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོཌ་འདུའི་ཐོག་མིག་སྔའི་དཔལ་འབྱོར་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་ཞིབ་འཇུག་བྱས་ཏེ། “དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་བསྐྲུན་ནས། བཟོ་སྐྲུན་ལས་རིགས་ཀྱི་ལུགས་མཐུན་བསྡུར་ཚད་རྒྱུན་འཁྱོངས་བྱེད་དགོས”ཞེས་བསྟན་གནང་ཡོད།

     ཁྱབ་ཁོངས་གཅིག་ནས་བལྟས་ཚེ། 2023ལོའི་ཟླ་4པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས།“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དངོས་བྲལ་བཏགས་འགྱུར་གྱི་ལམ་དུ་སྐྱོད་མི་རུང་བར། ངེས་པར་དུ་དངོས་ཚན་དཔལ་འབྱོར་འདེགས་སྐྱོར་དུ་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་སྐྲུན་དགོས”ཞེས་ཐུགས་རེ་ཆེན་པོས་གསུངས། འཕྲུལ་མི་དང་། མི་མེད་གནམ་གྲུ འདུས་གྲུབ་གློག་ལམ་སོགས་ཀྱི་ཐོན་ལས་རིམ་འཇུག་མྱུར་པོ་བྱས་ཤིང་། ཀོང་ཏུང་གིས“ཐོག་མཐའ་བར་གསུམ་དུ་བཟོ་སྐྲུན་ལས་རིགས་ལ་བརྟེན་ནས་ཞིང་ཆེན་སྐྱོང་རྒྱུ་མཐའ་འཁྱོངས”བྱས་ཏེ། དངོས་ཚན་དཔལ་འབྱོར་འཕེལ་རྒྱས་བརྟན་པོ་འགྲོ་བར་སྐུལ་འདེད་བཏང་ཡོད་པ་རེད།

     རྒྱལ་ཡོངས་ནས་བལྟས་ཚེ། རྒྱལ་ཐོན་གནམ་གྲུ་ཆེན་པོ་མཁའ་དབྱིངས་སུ་འཕུར་བ་ནས། གྲུ་བཟོའི་ལས་རིགས་ཀྱི“མུ་ཏིག་ཆེན་པོ་གསུམ”གཅིག་ཏུ་འདུས་པའི་བར་དང་། དེ་ནས“མྱུར་བགྲོད་ལྕགས་ལམ་འདིང་བའི་ལག་རྩལ་གྱིས་རྒྱལ་སྤྱིའི་ཚད་ཤིང་འཛུགས་པའི”བར། འབད་བརྩོན་བསྟུད་མར་བྱས་པས་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱི་བཟོ་སྐྲུན་ལས་རིཌ་ཀྱི་འཕར་ཐང་གིས་གོ་ལ་ཧྲིལ་པོའི་བསྡུར་ཚད་ནང་30%ཙམ་བཟུང་ནས། གཞི་ཁྱོན་ལོ་16བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་། “དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་ནས། དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་བརྟན་དུ་དང་རྒྱ་སྟོབས་ཆེ་རུ་གཏོང་བ”དེ་འཐབ་ཇུས་ལས་འགན་ཁག་གི་ཨང་དང་པོར་བཞག་ཡོད།

     “ཡང་དག་པའི་ལམ་བུ་ཞིག་རྙེད་རྗེས་རྒྱུན་འཁྱོངས་ནས་སྐྱོད་དགོས” བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་དང་། སྤུས་ཚད་རྒྱལ་ཁབ་སྟོབས་ཆེན། མཁའ་སྐྱོད་རྒྱལ་ཁབ་སྟོབས་ཆེན། འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན། དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་བཅས་གང་མགྱོགས་བསྐྲུན་ཏེ། “དངོས་ཚན་དཔལ་འབྱོར་ལ་བརྟེན་ནས་ཁྱིམ་གཞིས་བཙུགས་པའི”ཀྲུང་གོས་མུ་མཐུད་དངོས་ཚན་དཔལ་འབྱོར་ལ་བརྟེན་ནས་དེ་བས་ཡངས་ཤིང་རྒྱ་ཆེ་བའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་རྒྱུ་རེད།

     “ཚན་རྩལ་གསར་གཏོད་ནི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་པའི་འཐབ་ཇུས་ཀྱི་འདེགས་སྐྱོར་ཞིག་རེད” “ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་ནི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་པའི་ལྡོག་མེད་ཀྱི་བླང་བྱ་རེད” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོན་སྐྱེད་ནུས་ཤུགས་གསར་མའི་རིགས་པའི་གཞུང་ལུགས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བཏོན་གནང་བ་དང་འབྲེལ་བཀོད་སྒྲིག་གལ་ཆེན་གནང་ནས། རྒྱལ་ཡོངས་ལ“གསར་གཏོད་ཀྱི་ལས་དོན་ཆེན་པོ་དེ་མུ་མཐུད་ཡག་པོ་སྒྲུབ་པར”མཛུབ་ཁྲིད་གནང་ཡོད།

     ཚན་རིག་དང་མཐུན་པའི་ཐབས་ལམ་སྟངས་འཛིན་བྱས་ཏེ“ངེས་པར་དུ་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྒུལ་ནུས་རྙིང་པ་གསར་སྒྱུར་གྱི་འབྲེལ་བར་སྤྱི་འདོམས་ཡག་པོ་བྱེད་དགོས”

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལེའོ་ཉིང་པུན་ཤིས་ངར་ལྕགས་ཚོགས་པ་འགན་འཁྲི་ཚད་ཡོད་ཀུང་སི་དང་། ཧོ་ནན་ལུའོ་དབྱང་འཁོར་རྟེན་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི། ཧྲན་ཤིས་དབྱང་ཆོན་སྟེམ་སྒོ་མ་རྐང་ཚད་ཡོད་ཀུང་སི་བཅས“བཟོ་གྲྭ་རྙིང་པར”ཐེངས་མང་ཕེབས་ནས། “སྲོལ་རྒྱུན་ཐོན་ལས་ཡོད་ཚད‘ཐ་གྲས་ཐོན་ལས’དང‘རྗེས་ལུས་ཐོན་ལས’ལ་བརྩིས་ནས་འདོར་མི་རུང”ཞེས་བཀའ་མངགས་གནང་ཡོད།

     བཀའ་སློབ་ནན་པོའི་ནང“དཔལ་འབྱོར་འཕར་སྣོན་དང་ལས་ཞུགས་ཡོང་འབབ་ཀྱི་གཞི་རྩའི་བརྟེན་སར”ཚད་མཐོའི་མཐོང་ཆེན་གནང་ལུགས་འདུས་ཡོད་ལ། “འཕེལ་རྒྱས་ཀྱི་སྒུལ་ནུས་གསར་རྙིང་རྒྱུན་མཐུད་བརྗེ་སྒྱུར་བརྟན་པོ་བྱེད་པར་སྐུལ་འདེད་གཏོང་བའི”གཟབ་ནན་གྱི་བསམ་གཞིག་ཀྱང་འདུས་ཡོད།

      བརྟན་ཐོག་ཡར་འཕེལ་དང་གསར་རྙིང་སྐུལ་རེས་བྱས་པས། ཐོན་ལས་ཀྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཞིང་། “ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཕྱོགས་སྒྱུར་རིམ་སྤོར”ཐུབ་ནས། ངར་ལྕགས་དང་། འཁལ་འཐག གྲུ་བཟོ་སོགས་སྲོལ་རྒྱུན་ཐོན་ལས་ཀྱི་གསོན་ཤུགས་ཉིན་རེ་བཞིན་ཆེ་རུ་ཕྱིན་ཡོད། “ཚན་རྩལ་དང་ཐོན་ལས་ཀྱི་མཐོ་ས་བཟུང”སྟེ། མྱུར་བགྲོད་ལྕགས་ལམ་དང་། འོད་ཤུགས། ནུས་གསར་རླངས་འཁོར་སོགས་གསར་དར་ཐོན་ལས་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ནས། གཟུགས་ཅན་རིག་ནུས་དང་། ཚད་རྡུལ་འཕྲིན་གཏོང་། ཀླད་འཕྲུལ་མཐུད་ཁ་སོགས་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་འགྲོ་བཞིན་ཡོད།

      དམ་པ་དོན་གཉེར་མཐའ་འཁྱོངས་བྱས་ཏེ“གཅིག་ནས་བརྗིད་ཆེའི་བློ་སྟོབས་ལ་བརྟེན་ནས་གོ་སྐབས་དམ་འཛིན་གྱིས་འཕེལ་རྒྱས་གཏོང་དགོས་པ་དང་། གཉིས་ནས་དོན་དངོས་ལ་གཞི་ཚུགས་ཏེ་ཐབས་སྒྱུར་འཕེལ་རྒྱས་གཏོང་མཁས་པོ་བྱེད་དགོས”

     ཉེ་བའི་ལོ་ཤས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ས་གནས་ཁག་ཏུ་རྟོག་ཞིབ་གནང་བར་ཕེབས་ནས། ས་གནས་ཁག་ལ“ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་ནས”དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་དགོས་པའི་བཀའ་མངགས་གནང་ཞིང་། ཧོ་པེ་ཞུང་ཨན་ཁུལ་གསར་དུ“ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་སྟེ། ཁུལ་གསར་གྱི་དོན་དངོས་དང་མཐུན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱེད་དགོས་པའི”བླང་བྱ་བཏོན་གནང་བ་དང་། ཀྲེ་ཅང་དུ“ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་པའི་ཐད་མདུན་གྲལ་དུ་སླེབས་པ་བྱེད་དགོས་པའི”སྐུལ་ལྕག་གནང་བ། ཉིང་ཞ་རུ་དེང་རབས་རྡོ་སོལ་རྫས་འགྱུར་བཟོ་ལས་དང་རྒྱུ་ཆ་གསར་པ་སོགས་ཀྱི་ཐོན་ལས་ལ“ལས་ཀ་ཞིབ་ཚགས་དང་རྒྱུན་མཐུད་འཕེལ་རྒྱས་གཏོང་དགོས”ཞེས་གསུངས་པ་ལ་སོགས།

     མངགས་བཅོལ་ཟབ་མོ་རེ་རེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་ལ་འགྱུར་བར་བྱས་ཤིང་། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གིས་ལས་བགོས་ལེགས་སུ་བཏང་བས་འཕྲུལ་མིའི“ཆུ་ཚོད་4ཡི་ཐོན་ལས་འཁོར་རྒྱ”མགྱོགས་མྱུར་ཆགས་པ་དང་། མཚོ་སྔོན་གྱིས་ཚྭ་མཚོའི་ཐོན་ལས་ལ་གཞོལ་བས་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་ཐོན་ལས་རིམ་བཞིན་འཕེལ་རྒྱས་ཕྱིན་པ། ཧུའུ་ནན་ཧྲའོ་ཏུང་གྲོང་ཁྱེར་གྱིས་མེ་ལྕགས་ཐོན་ལས་ལ་གཞོལ་བས་ཐོན་ཚད་གོ་ལ་ཧྲིལ་པོའི་བཅུ་ཆ་བདུན་ཙམ་བཟུང་བ་སོགས། ཐོན་ལས་འཁོར་འབྲེལ“ཟུང་འབྲེལ་དམ་ཟབ”དང་ཐོན་ལས་ཁག་གི་ལེགས་ཆ་མཉམ་དུ་འདུས་ནས། ཐོན་ལས་ཀྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཡོད།

      དངོས་ལས་ཀྱིས་རྒྱལ་ཁབ་དར། དངོས་སྒྲུབ་ཀྱིས་རྒྱལ་ཁབ་འཕེལ། “དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་ནས་ཐོན་ལས་མ་ལག་སྤྱི་ཡོངས་འཕེལ་རྒྱས་ཡོང་བར་བྱེད་པ་ནི‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་གི་འཐབ་ཇུས་ལས་འགན་གལ་ཆེན་ཞིག་རེད། དངོས་ཚན་དཔལ་འབྱོར་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་བཏང་ནས“གོམ་པ་རེ་རེ་བཞིན་མདུན་ཕྱོགས་སུ་བསྐྱོད་ན”དེང་རབས་དཔལ་འབྱོར་གྱི་རླབས་རྒྱུན་ཆེན་པོའི་ཁྲོད་ཀྲུང་གོས“སྔ་ཕྱི་བར་གསུམ་དུ་རླབས་གཤག་ཕོ་རྒོད་ཀྱི་ནུས་པ་རྒྱུན་འཁྱོངས་ཐུབ་རྒྱུ་རེད”