གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 08ཚེས་07ཉིན། 14:34】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “2025ལོར་ཞིང་ཆེན་ཡོངས་སུ་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞིའི་སྤྱི་འབོར་ཤུགས་ཆེན་འཕར་ཞིང་། མི་དམངས་མང་ཚོགས་དེ་བས་མང་བས་སྲིད་འཛིན་བསྐྱར་གྲོས་ལ་བརྟེན་ནས་སྲིད་འཛིན་གྱི་རྩོད་གཞི་ཐག་གཅོད་བྱེད་ཀྱི་ཡོད་པས། སྲིད་འཛིན་བསྐྱར་གྲོས་སྔོན་ལ་འདེམས་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད”ཅེས་ཟླ་8ཚེས་3ཉིན་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ངོ་སྤྲོད་བྱས།
སྲིད་འཛིན་བསྐྱར་གྲོས་ནི་སྲིད་གཞུང་ཁོངས་གཏོགས་ཀྱིས་རང་ངོས་ཀྱི་ནོར་འཁྲུལ་ཡོ་བསྲང་བྱེད་པའི་ལྟ་སྐུལ་ལམ་ལུགས་དང“དམངས་ཀྱིས་དཔོན་པོ་ཁྲིམས་ལ་སྦྱོར་བའི”སྲིད་འཛིན་གྱི་རྩོད་གཞི་ཐག་གཅོད་བྱེད་པའི་རྒུད་སྐྱོབ་ཀྱི་ལམ་ལུགས་རེད་ལ། སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད། དེ་ཡང་ད་ལོའི་ཟླ་5ཚེས་28ཉིན་རང་རེའི་ཞིང་ཆེན་གྱི་སྲིད་འཛིན་བསྐྱར་གྲོས་རེ་ཞུ་མཁན་བློ་བཟང་ཆེ་གེ་མོས་རྫོང་ག་གེ་མོའི་མི་དམངས་སྲིད་གཞུང་གི་རྩྭ་ར་འགན་གཉེར་དབང་ཆའི་བདག་ཁོངས་ཐོ་འགོད་བྱ་སྤྱོད་ལ་བློ་མོས་མ་བྱུང་བར་ཀྲོའུ་ག་གེ་མོའི་མི་དམངས་སྲིད་གཞུང་ལ་སྲིད་འཛིན་བསྐྱར་གྲོས་ཀྱི་རེ་འདུན་ཞུ་ཡིག་ཕུལ་ནས་ཁྲིམས་ལྟར་ཡོ་བསྲང་བྱེད་པའི་རེ་འདུན་ཞུས་པ་རེད། སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་བར་འདུམ་མཐུན་འགྲིག་དང་ཁྲིམས་ལྟར་ཞིབ་གཅོད་བྱེད་པར་དུས་མཉམ་དུ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་ཤིང་། ཞིབ་བཤེར་བྱས་པ་བརྒྱུད་གྱོད་གཞིར་དོན་དངོས་ཐོག་འདུམ་འགྲིག་ཐུབ་པའི་རྨང་གཞིའི་ཆ་རྐྱེན་ལྡན་པའི་ངོས་འཛིན་བྱས། ཟླ་6ཚེས་24ཉིན་ཀྲོའུ་དང་རྫོང་རིམ་པ་གཉིས་ཀྱིས་གྲོས་མོལ་བྱས་ནས་ཐག་གཅོད་ཀྱི་ཇུས་གཞི་གཏན་འཁེལ་བྱས་པ་དང་། ལས་དོན་ཚོགས་ཆུང་གིས་རྩོད་གཞི་ཡོད་པའི་རྩྭ་རར་བསྐྱོད་དེ་ས་མཚམས་ཐིག་ལེན་རིས་འབྲི་བྱས་ནས་ཕྱོགས་གཉིས་པོས་འགན་གཙང་བླངས་པའི་ས་མཚམས་ཕྱོགས་ཡོངས་ནས་གསལ་པོ་བཟོས་པ་རེད། ས་མཚམས་ཐིག་ལེན་བྱས་རྗེས་དོ་བདག་ཕྱོགས་གཉིས་པོས་རང་སར་བར་འདུམ་མཐུན་འགྲིག་གི་ཡི་གེ་བཞག་པ་དང་། སྲིད་འཛིན་བསྐྱར་གྲོས་ཀྱི་རེ་འདུན་ཞུ་ཡུལ་གྱིས་རྩྭ་ར་འགན་གཉེར་དབང་ཆའི་ལག་ཁྱེར་གསར་པ་ཁྲིམས་ལྟར་དཔྱད་སྤྲོད་བྱས་པས། དོ་བདག་གིས་ཡིག་འབུལ་ཞུ་བཅར་དང་གཏུག་བཤེར་བྱེད་མཚམས་འཇོག་པའི་ཁས་ལེན་ཡི་གེར་རང་མོས་ངང་མིང་རྟགས་བཀོད་ཡོད་པ་རེད། དེ་རྗེས་རེ་འདུན་ཞུ་མཁན་གྱིས་རྩོད་གླེང་གི་དོན་དངོས་ཐག་གཅོད་ཐུབ་པ་རྒྱུ་མཚན་དུ་བྱས་ནས་སྲིད་འཛིན་བསྐྱར་གྲོས་ཕྱིར་འཐེན་པའི་རེ་འདུན་ཞུས་པ་དང་། ཀྲོའུ་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར་ཞིབ་གཅོད་མཇུག་སྒྲིལ་བའི་གཏན་འབེབས་བྱས་པ་མ་ཟད་ཕྱོགས་སོ་སོར་ཡིག་ཆ་བསྐྱལ་ཡོད་པ་རེད། གྱོད་གཞི་དེ་བདེ་བླག་ངང་ཞིབ་གཅོད་མཇུག་བསྒྲིལ་པས། བཅའ་ཁྲིམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཅིག་གྱུར་དམ་ཟབ་བྱུང་སྟེ་འབྲོག་ཁུལ་གྱི་རིགས་མཚུངས་རྩོད་གཞིའི་སྲིད་འཛིན་བསྐྱར་གྲོས་དང་ཐག་གཅོད་ལ་ལས་ཟློས་ཆོག་ལ་ཁྱབ་གདལ་གཏོང་ཆོག་པའི་ལག་ལེན་གྱི་དཔེ་གཞི་ཞིག་མཁོ་འདོན་བྱས་ཡོད་པ་རེད།
ལས་ཀའི་ལག་ལེན་ཁྲོད་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་བསྐྱར་གྲོས་སྒྲིག་གཞིས་དམངས་ཕན་གྱི་ཞབས་ཞུ་སྒྲུབ་སྟངས་རྒྱུན་མཐུད་ལེགས་སུ་བཏང་ནས། སྲིད་འཛིན་བསྐྱར་གྲོས་ཀྱི་དམངས་ཕན་ཞབས་ཞུའི་སྐར་ཁུང་55བཙུགས་ཏེ། “དྲ་ཐོག་ནས་བསྐྱར་གྲོས་བྱེད་པ”ཕྱོགས་ཡོངས་ནས་ཁྱབ་གདལ་དང་། བྱ་རིམ་ཆུང་ངུ་དང་རྒྱལ་ཡོངས་ཀྱི་སྲིད་འཛིན་བསྐྱར་གྲོས་ཞབས་ཞུའི་ལས་སྟེགས་ལ་བརྟེན་པས་ཁྱིམ་ནས་དོན་མི་དགོས་པར་ཁེ་དབང་སྲུང་སྐྱོང་ཐུབ་ཀྱི་ཡོད། 2025ལོར་སྲིད་འཛིན་བསྐྱར་གྲོས་ཀྱི་རེ་ཞུ་ཁྱོན་ཁག་2675འབྱོར་བ་དེ་དུས་མཚུངས་ལས་82.1%འཕར་བ་དང་དྲ་ཐོག་ནས་སྲིད་འཛིན་བསྐྱར་གྲོས་ཀྱི་རེ་ཞུ་བྱེད་ཚད་དུས་མཚུངས་ལས་10.5%འཕར་ནས་སྤྱིར་ན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
ཞིང་ཆེན་ཡོངས་ཀྱིས་སྲིད་འཛིན་བསྐྱར་གྲོས་ཀྱི་ལྟ་སྐུལ་ནུས་ཕྱོད་ཆེ་རུ་བཏང་བ་དང་བྱེ་བྲག་གི་གྱོད་དོན་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ལོ་ཧྲིལ་པོར་ཁྲིམས་འགལ་ལམ་ཡང་ན་ཚུལ་མིན་གྱི་སྲིད་འཛིན་བྱེད་སྤྱོད་ཁག་470ཐད་ཀར་ཡོ་བསྲང་བྱས་པས་ཐད་ཀར་ཡོ་བསྲང་ཐུབ་ཚད་24.3%ཟིན་ཡོད། 2025ལོར་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞི་འདུམ་འགྲིག་དང་ཐག་གཅོད་བྱེད་ཚད་37.7%ཟིན་པ་དེ་དུས་མཚུངས་ལས་11.7%འཕར་ཡོད། གྱོད་དོན་ཐག་གཅོད་ཟིན་པའི་ཁྲོད་གཏུག་བཤེར་བྱེད་ཚད་9.6%ཡིན་པ་དང་། སྲིད་འཛིན་རྩོད་གཞི་བརྒྱ་ཆ་དགུ་བཅུ་ལྷག་ཙམ་སྲིད་འཛིན་བསྐྱར་གྲོས་ཀྱི་དུས་རིམ་དུ་ཐག་གཅོད་ནུས་ལྡན་ཐུབ་ཡོད།
གཞན་ཡང་། རང་རེའི་ཞིང་ཆེན་གྱིས“སྲིད་འཛིན་བསྐྱར་གྲོས་བྱས་ནས་ཁེ་ལས་ལ་སྲུང་སྐྱོང”ཡག་པོ་བྱས་ཏེ་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་བསྐྱར་གྲོས་བྱ་ཡུལ“ཆུང་རུང་བདག་སྤྲོད་བྱེད་པའི་ལམ་ལུགས་དང་མགྱོགས་མྱུར་ཐག་གཅོད་པའི”ལམ་སྲོལ་གསར་གཏོད་དང་བཅས་ཁྱབ་གདལ་བཏང་ནས“བདག་སྤྲོད་མགྱོགས་པོ་དང་ཐག་གཅོད་མགྱོགས་པོ”བྱེད་པའི་ཐོགས་མེད་བགྲོད་ལམ་བཏོད་ཡོད། ཞིང་ཆེན་ཡོངས་ཀྱིས་ཐག་གཅོད་བྱས་ཟིན་པའི་ཁེ་ལས་ཀྱི་སྲིད་འཛིན་བསྐྱར་གྲོས་གྱོད་གཞི་ཁག་153ཁྲོད་གྱོད་གཞི་30ཐད་ཀར་ཡོ་བསྲང་བྱས་པས་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་པ་རེད།