འཚོལ་བཤེར།   
藏文频道
2026ལོའི་ཟླ་8ཚེས་7ཉིན།

༄༅།།2026ལོའི“མ་ཡུམ་རྨ་ཆུ་བུམ་པའི”རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན(ལྗོངས)དགུའི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 08ཚེས་07ཉིན། 14:41】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་8ཚེས་4ཉིན་གློག་འཕྲིན་འབྱོར་གསལ། 2026ལོའི“མ་ཡུམ་རྨ་ཆུ་བུམ་པའི”རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན(ལྗོངས)དགུའི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་ཚེས་4ཉིན་འགོ་ཚུགས་ཤིང་། རྒྱལ་ཡོངས་ཀྱི་འཐུས་མི་རུ་ཁག་23གྱི་གཞོན་ནུ་ལོ་ཆུང་540ལྷག་ཙམ་དང་རྩལ་ཁྲིད་པ་ཚོས་རྐང་རྩེད་སྤོ་ལོ་འབྲེལ་ཐག་ཏུ་བྱས་ཏེ་རི་ཆུ་བརྒལ་ནས་སླར་ཡང“ལན་ཀྲོའུ”རུ་འཛོམས་ཡོད།

ལོ་གསུམ་བསྟུད་མར་གཉེར་བའི་སྤུས་རྟགས་འགྲན་བསྡུར་ཞིག་ཡིན་པའི་ངོས་ནས། སྐབས་འདིའི་གདན་ཞུའི་འགྲན་བསྡུར་ནང་ལོ་མང་འགྲན་བསྡུར་ནང་ཞུགས་མྱོང་མཁན་ཡོད་ལ་ཐེངས་དང་པོར་ཞུགས་མཁན་ཡང་ཡོད། འགྲན་བསྡུར་འགོ་ཚུགས་པའི་ཉིན་དང་པོའི་ཐོག་ཀུན་གྱིས་དོ་ཁུར་བྱེད་པ་ནི་འགྲན་བསྡུར་སྐབས་དང་པོའི་ཐོག་ཨང་དང་པོ་ཐོབ་མཁན་མཚོ་སྔོན་ཁེ་རུའེ་སི་འཐུས་མི་རུ་ཁག་དང་ཧྲན་ཏུང་ཅི་ནན་ལི་རེན་སློབ་གྲྭའི་འཐུས་མི་རུ་ཁག་རེད། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་ནས་ཡོང་བའི་སྤོ་ལོ་རུ་ཁག་དེའི་སྤོ་ལོ་རྒྱག་མཁན་མང་ཆེ་བ་ཆ་སྙོམས་ས་བབ་སྨི་4300ཟིན་པའི་ས་མཐོའི་འབྲོག་ཁུལ་དུ་འཚར་ལོངས་བྱུང་བ་དང་། དུས་རྒྱུན་གྱི་སྦྱོང་བརྡར་དང་འགྲན་བསྡུར་ཁྲོད་འབྲོག་ཁུལ་གྱི་རང་བྱུང་རྩྭ་ར་དག་ནི་ཁོང་ཚོའི་རྔུལ་ཆུ་བཞུར་སའི་དམིགས་བསལ་སྤོ་ལོ་ཐང་རེད། དབྱར་དགུན་དང་ཆར་རླུང་ཁྲོད་ས་མཐོའི་ལོ་ཆུང་དེ་ཚོས་དཀའ་བ་དུ་མ་ཁྱད་དུ་བསད་ནས་སྤོ་ལོ་རྒྱག་རྩལ་ཡང་ཡང་སྦྱངས་ཤིང་། སྤོ་ལོ་སྒོའི་ནང་བླུགས་པ་དང་། སྤོ་ལོ་སྤྲོད་པ། རྒྱུག་ཤར་གློད་པ་སོགས་བྱས་མཐར་ཁོང་ཚོ་རྒྱལ་ཡོངས་ཀྱི་རྐང་རྩེད་སྤོ་ལོའི་གར་སྟེགས་ཐོག་སྐྱོད་ཐུབ་པ་བྱུང་ཡོད།

ད་ཐེངས་ཀྱི་འགྲན་བསྡུར་ནང་འཐབ་རྩལ་དང་གཞོགས་འདེགས་ཀྱི་ལེགས་ཆ་གཉིས་ཀ་ཡག་པའི་འགྲན་ཡའི་མདུན་དུ་མཚོ་སྔོན་ཁེ་རུའེ་སི་འཐུས་མི་རུ་ཁག་གིས་དཔའ་ངར་ཆེན་པོས་འབད་འཐབ་བྱས་ཀྱང་མཐར་ཕམ་ཡོད། འོན་ཀྱང་རྩལ་ཁྲིད་པ་གཙོ་བོ་ཏའེ་ཏ་ཆིང་སྔར་བཞིན་རུ་མིའི་སྤོབས་པར་གྱུར་ཡོད། ཁོང་གིས“ཕྲུ་གུ་མང་པོ་ཞིག་རླངས་འཁོར་ལ་ཆུ་ཚོད་བཅུ་ལྷག་ཙམ་བསྡད་རྗེས་གཞི་ནས་འདི་གར་འབྱོར་བ་རེད། རུ་ཁག་སྟོབས་ཆེན་དང་སྤེལ་རེས་སློབ་སྦྱོང་བྱེད་ཐུབ་པ་ནི་གྲུབ་འབྲས་ཡག་ཤོས་རེད”ཅེས་བརྗོད།

ཉིན་དེའི་འགྲན་བསྡུར་ནང་། ཧྲན་ཏུང་ཅི་ནན་ལི་རེན་སློབ་གྲྭའི་འཐུས་མི་རུ་ཁག་གི་ཧྥན་ཧོ་ཁྲེན་གྱི་སྤོ་ལོ་ཁྲིད་རྩལ་དང་སྤྲོད་རྩལ། དེ་བཞིན་སྤོ་ལོ་བླུགས་རྩལ་བཅས་ཧ་ཅང་ཡག་པོ་ཡོད་པ་རེད། རྐང་རྩེད་སྤོ་ལོར་བྱང་བའི་ཁོང་གིས། རང་ཉིད་ལན་ཀྲོའུ་ལ་ཡོང་ནས་འགྲན་བསྡུར་ལ་ཞུགས་ཐེངས་དང་པོ་ཡིན་པས་ད་ཐེངས་ཨང་དང་པོ་ཐོབ་པའི་རེ་བ་ཡོད་ལ་སླད་ཕྱིན་གར་སྟེགས་དེ་བས་ཆེ་བའི་ཐོག་དོན་ཐུབ་པའི་རེ་བའང་ཡོད་ཅེས་བརྗོད།

འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྐབས་གོང་མ་གཉིས་ཀྱི་འགྲན་བསྡུར་ནང་། སྤོ་ལོ་རྒྱག་མཁན་4ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཕུལ་བྱུང་གཞོན་ནུ་ལོ་ཆུང་གི་སྦྱོང་བརྡར་སྒར་སར་ཚུད་ནས་སྤོ་ལོ་མཁས་ཅན་གསོ་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འགྲན་བསྡུར་དེས་གཞོན་ནུ་ལོ་ཆུང་ལ་སྤོ་ལོའི་རྩལ་འགྲན་ལས་སྟེགས་ཤིག་མཁོ་འདོན་བྱས་པ་མ་ཟད། རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན(ལྗོངས)དགུའི་དབར་ལུས་རྩལ་དང་རིག་གནས་སྤེལ་རེས་བྱེད་པའི་འབྲེལ་ཐག་གལ་ཆེན་ཞིག་ཏུའང་གྱུར་ཡོད་པ་རེད།